འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལེ་སི་ཐོ་དབར་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་30འཁོར་བར་
ལེ་སི་ཐོའི་རྒྱལ་པོ་ལེ་ཆི་ཡེ་སྐུ་ཐོག་གསུམ་པ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

——ལི་ཆང་གིས་ལེ་སི་ཐོའི་དབུ་བཞུགས་བློན་ཆེན་མཱ་ཐེ་ཁའེ་ཨན་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་14ཉིན། 11:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་སི་ཐོའི་རྒྱལ་པོ་ལེ་ཆི་ཡེ་སྐུ་ཐོག་གསུམ་པ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་30རིང་། ཀྲུང་ལེ་ཡིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ལམ་བུར་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པ་སོགས་ཀྱི་འགྲན་སློང་ཁྲོད་ཕན་ཚུན་ལྟ་སྐྱོང་བྱས་ནས་རྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་ཆུང་བ་མཛའ་མཐུན་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་དཔེ་མཚོན་དུ་གྱུར་ཡོད། ངས་ཀྲུང་ལེའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་པོ་ལེ་ཆི་ཡེ་སྐུ་ཐོག་གསུམ་པ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་30འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཀྲུང་ལེའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
     ལེ་ཆི་ཡེ་སྐུ་ཐོག་གསུམ་པས་གསུངས་དོན། འདས་ཟིན་པའི་ལོ་30རིང་། ལེ་ཀྲུང་རྒྱལ་ཁབ་གཉིས་པོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་གཉིས་པོས་ཞི་བདེ་མཉམ་གནས་དང་། ཕན་ཚུན་བརྩི་འཇོག གཉིས་ཁེ་གཉིས་ཕན་བཅས་བྱེད་པའི་རྨང་གཞིའི་ཐོག་སྲ་ཞིང་བརྟན་པའི་ཕྱི་འབྲེལ་བཙུགས་པས་ཕྱོགས་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ཡོད། ལེ་སི་ཐོ་ཕྱོགས་ཀྱིས་རླབས་ཆེན་གྱི་ཀྲུང་གོ་དང་རོགས་ལས་དམ་ཟབ་བྱས་ནས་ལེ་ཀྲུང་གི་མཛའ་གྲོགས་དང་མཛའ་མཐུན་མཉམ་ལས་མུ་མཐུད་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དར་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད་པ་བསྐྱར་བསྒྲགས་བྱེད་ཀྱི་ཡིན།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལེ་སི་ཐོའི་དབུ་བཞུགས་བློན་ཆེན་མཱ་ཐེ་ཁའེ་ཨན་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་ལེའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་ལེ་སི་ཐོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ལེའི་འབྲེལ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     མཱ་ཐེ་ཁའེ་ཨན་གྱིས། ཀྲུང་གོ་ནི་ལེ་སི་ཐོ་ཕྱོགས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་མ་ཟད། དུས་དང་རྣམ་པ་ཀུན་གྱི་གྲོགས་པོའང་དེ་བས་ཡིན། ལེ་སི་ཐོ་ཕྱོགས་ཀྱིས་མུ་མཐུད“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་དེའི་ནང་ཞུཌ་རྒྱུའང་ཡིན་ཞེས་གསུངས་པ་རེད།