འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་27ཉིན།

༄༅།།ཞི་ཅིན་ཕིང་དང་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེས་ཀྲུང་ཐུ་དབར་ཕྱི་འབྲེལ་བཙུགས་ནས་ལོ་60
འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

——ལི་ཆང་དང་ཐུ་ནི་སིའི་ཙུང་ལི་ཧ་ཧྲ་ཉིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་13ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་ཐུ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 2022ལོའི་ཟླ་12པར་འཚོགས་པའི་ཀྲུང་ཨའི་དབུ་ཚོགས་རིང་། ང་དང་ཙུང་ཐུང་སའེ་དབྱི་ཏེ་ཐུག་འཕྲད་བྱས་པ་མ་ཟད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ཀྲུང་ཐུའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ངས་ཀྲུང་ཐུའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཙུང་ཐུང་སའེ་དབྱི་ཏེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་འགོ་འཛུགས་སར་བྱས་ཏེ་ཀྲུང་ཐུའི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་མཉམ་ལས་འབྲེལ་བར་དེ་བས་ཆེ་བའི་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     སའེ་དབྱི་ཏེས་ཐུ་ཀྲུང་རྒྱལ་ཁབ་གཉིས་པོ་ཡུན་རིང་མཛའ་མཐུན་ལྡན་པ་དང་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོས་ཐུན་མོང་གི་རིན་ཐང་འདུ་ཤེས་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྲ་བརྟན་དང་རྒྱ་ཆེར་གཏོང་བར་མཐོང་ཆེན་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་དང་འབྲེལ་བ་དང་མདུན་ལམ་ཡངས་པའི་རོགས་ཟླའི་འབྲེལ་བ་གསར་པ་ཧུར་ཐག་འཛུགས་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཉིན་དེ་རང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ཐུ་ནི་སིའི་ཙུང་ལི་ཧ་ཧྲ་ཉིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། ངས་ཙུང་ལི་ཧ་ཧྲ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་བཏང་སྟེ་ཀྲུང་ཐུ་མཛའ་མཐུན་མཉམ་ལས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     (པ་ཕན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་ཞུས)