འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་12ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མུའུ་དབྱི་ཙེ་དང་སྐུ་ཟླ་ས་ཅི་ཏར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མུའུ་དབྱི་ཙེ་དང་སྐུ་ཟླ་ས་ཅི་ཏར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མར་ཏི་ཝེའི་ཙུང་ཐུང་མུའུ་དབྱི་ཙེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་བའི་ཁྱབ་བསྒྲགས་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མར་ཏི་ཝེ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་གནའ་བོའི་མཚོ་ཐོག་དར་གོས་ལམ་བུ་བརྒྱུད་མཛའ་མཐུན་འབྲེལ་བ་བཙུགས་ཡོད། ཀྲུང་གོ་དང་མར་ཏི་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་52སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཆེ་ཆུང་ཚང་མར་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ཕན་ཚུན་ལྟ་སྐྱོང་། གཉིས་ཁེ་གཉིས་ཕན་བཅས་ཀྱི་མིག་དཔེ་བཏོད་ཡོད།
    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་བྱུང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དུས་བབ་གསར་པའི་འོག་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བར་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད། ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་བ་ནི་ཀྲུང་མར་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ་ཀྲུང་མར་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད།
    ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུ་དང་རྩ་ཆེའི་ཉམས་མྱོང་ལ་འཆད་འགྲེལ་གཏིང་ཟབ་གནང་ཞིང་། ཁོང་གིས། མར་ཏི་ཝེ་ཕྱོགས་ཀྱིས་རང་གི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། མར་ཏི་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་དང་། མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། མར་ཏི་ཝེ་ཕྱོགས་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་མར་ཏི་ཝེའི་མཛའ་གྲོགས་ལ་ཚད་ཤིང་གསར་པ་ཞིག་འཛུགས་འདོད་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མ་འཇོག་དང་། ཞིང་ལས་གླིང་ཁུལ། མཚོ་ཐོག་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། མར་ཏི་ཝེའི་ཕུལ་བྱུང་སློབ་མ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་ལ་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རྒྱལ་ཁབ་གཉིས་པོའི་ཐད་གཏོང་དུས་གཏན་གནམ་གྲུ་མང་དུ་གཏོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མར་ཏི་ཝེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ལྟ་སྟངས་དང་ལངས་ཕྱོགས་གཅིག་མཚུངས་ཡོད། ཕྱོགས་གཉིས་པོས་ཕྱོགས་མང་འབྲེལ་གཏུག་དང་མཉམ་ལས་ཟབ་ཏུ་བཏང་ནས་ཕྱོགས་མང་རིང་ལུགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ངོ་མ་སྲུང་སྐྱོང་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་ཧུར་ཐག་བཏང་སྟེ། འཛམ་གླིང་དེ་བས་ཞི་བདེ་དང་། དེ་བས་བདེ་འཇགས། དེ་བས་དར་རྒྱས་བཅས་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་བསྟར་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད།
    མུའུ་དབྱི་ཙེ་ཡིས་གསུངས་དོན། ནང་བློན་པུའུ་ཀྲང་གལ་ཆེན་མང་པོ་དང་མཉམ་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་ཞུས་ནས་འདི་ལོ་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་ཞུས་པའི་ཕྱི་རྒྱལ་གྱི་གཙོ་བདག་དང་པོར་གྱུར་པར་ང་ལ་གཟི་བརྗིད་ཆེན་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། དེ་ཐོག་ནས་ང་ཚོ་ཕྱོགས་གཉིས་པོས་མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་གང་ལེགས་མཚོན་ཡོད། མར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་ནི་མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཡག་པོ་འགྲོ་བའི་རྨང་གཞི་བརྟན་པོ་ཞིག་རེད། འདི་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཏི་ཝེར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་མང་པོ་བྱས་པ་དང་། མར་ཏེ་ཝེ་དང་ཀྲུང་གོའི་མཉམ་ལས་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་མར་ཏི་ཝེའི་མི་དམངས་ལ་ཕན་པ་མང་པོ་ཐོབ་པས་མར་ཀྲུང་མཛའ་གྲོགས་ཟམ་ཆེན་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། ད་ཐེངས་ང་རང་ཧྥུའུ་ཅན་དུ་འཚམས་འདྲི་བྱེད་རིང་། ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་ཡང་མྱོང་ཚོར་ཐུབ་བྱུང་། མར་ཏི་ཝེ་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོ་སྐབས་སུ་བཟུང་ནས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཐབས་ལམ་གསར་པ་སྔར་བས་རྒྱ་སྐྱེད་གཏོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བའི་ནང་དོན་གསར་པ་མང་དུ་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་མང་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་པའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བའི་དགེ་མཚན་ལྡན་པའི་བྱེད་ཐབས་ལ་དགའ་བསུ་ཞུ་གི་ཡོད་ལ་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་པོ་མར་ཏི་ཝེར་ཡུལ་སྐོར་དུ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད།