འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་
ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

(2024ལོའི་ཟླ་1ཚེས་10ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་12ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་2024ལོའི་ཟླ་1ཚེས་8ཉིན་ནས་ཚེས་10ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་132ཡོད་པ་དང་། ཟུར་ཞུགས་མི་སྣ་238ཡོད་པ་རེད།
      ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།
     ཚང་འཛོམས་གྲོས་ཚོགས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། 2023ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱིར་དྲན། 2024ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས། གསུང་བཤད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པའི་མཐོ་ཚད་ཐོག་ནས་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་དང་།
    ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་གནད་དོན་གལ་ཆེན་གསུམ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ། རང་ངོས་གསར་བརྗེའི“གནད་དོན་དགུར”སྐུལ་འདེད་གཏོང་བའི་ལག་ལེན་གྱི་བླང་བྱ་ཁ་གསལ་བཏོན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ཤུགས་འདོན་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་རེ་བ་ནན་པོ་དང་བླང་བྱ་ཁ་གསལ་བཏོན་པ། གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པ་དེ་ཐོག་ནས་རང་རེའི་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ཀྱི་ཚད་མཐོའི་རང་རྟོགས་གང་ལེགས་མངོན་ཡོད། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནང་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་འདུས་པ་དང་། ཏང་ཡོངས་ཀྱི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཡོད་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་མཚོན་ཆ་གལ་ཆེན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་ཡང་བྱས་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་དང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་རྒྱང་ལམ་གསར་པར་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ཏང་གི་རང་ངོས་གསར་བརྗེའི་རྣམ་པ་གསར་པ་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ། ལོ་གསུམ་རིང་གི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ནུས་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་ལ་སྣེ་ཁྲིད་བྱས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཚན་ཁག་གསར་པ་དང་། རྣམ་པ་གསར་པ། དུས་བབ་གསར་པ། བྱས་རྗེས་གསར་པ”བཅས་ཀྱི་རེ་སྒུག་དང་བླང་བྱ་བློ་ལ་བརྟན་པོར་བཅངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དེ་གཙོ་རྐང་དུ་བརྩི་བ་དང་། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་འགན་འཁྲི་དང་ལས་འགན་དུ་བརྩི་བ། ཏང་ཆེན་པོར་མ་གཏོགས་མེད་པའི་དཀའ་གནད་ཐག་གཅོད་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་དམིགས་ཚད་དང་ཁ་ཕྱོགས་ལ་བརྩི་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་བྱ་རྒྱུ་དེ་གཙོ་གནད་ལ་བརྩི་བ། སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་གཏིང་ཟབ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་འགན་འཁྲི་སྒྲུབ་པའི་སློབ་ཚན་དང་པོར་བརྩིས་ཏེ། གཙོ་གནད་དང་དཀའ་གནད་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ལོ་ལྔའི་རིང་གི་ཐབས་འགོད་ཇུས་འདོན་ལ་དམིགས་ནས་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་ཏན་ཏིག་གིས་སྤེལ་བ་དང་། བརྩེ་སེམས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་བ་བཅས་བྱས་ནས། སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ལ་དོ་དམ་ནན་པོ་དང་། བཅོས་སྒྲིག་ནན་པོ། ཞུན་བརྡར་ཡག་པོ་བཅས་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱང་ལམ་གསར་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱས་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་གཏིང་ཟབ་ངང་སྐུལ་འདེད་བཏང་སྟེ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། མཐོ་སློབ། ལུས་རྩལ། རྡོ་ཐ། སྨན་དང་སྨན་བཅོས། འབྲུ་རིགས་ཉོ་ཚོང་། བསྡོམས་རྩིས་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་གནད་དོན་ལ་ཐག་གཅོད་ནན་པོ་བྱེད་པ་དང་། མ་ལག་རང་བཞིན་གྱི་རུལ་སུངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གཙང་སེལ་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་ཡོད། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་ཡོ་བསྲང་དང་འཛུགས་གཏོད་གལ་ཆེ་མཉམ་འཛིན་གྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ཡོད། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དོ་དམ་དང་ལྟ་སྐུལ་ནན་པོ་དང་རང་འགན་ཐེག་པ་འཁུར་ལེན་ལ་ལྕག་སྐུལ་བྱ་རྒྱུ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་བྱས་ནས་སྐོར་གཟིགས་དེ་ཉིད་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཕྱོགས་ཡོངས་ལ་ཁྱབ་རྒྱུ་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ཡོད། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཏང་ཀྲུང་དབྱང་གིས་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་བཟོ་བཅོས་རྒྱག་རོགས་བྱས་ནས་ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་དུས་མཚུངས། དངོས་ཐོག་བདེན་འཚོལ་གྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་ལས་དོན་སྤེལ་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་གནང་སྟེ། གསར་གཏོད་རང་བཞིན་གྱི་སྒོ་ནས་སྲོལ་འབྱེད་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་པ་དང་ལོ་བརྒྱའི་ཏང་ཆེན་པོས་རང་ངོས་གསར་བརྗེ་བྱེད་པའི་གནས་ཚད་གསར་པ་བཏོད་པར་ཁྲིད་སྟོན་གནང་ཡོད། འདི་ནི་རང་རེའི་ཏང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ཏེ་རིགས་གཞུང་གསར་གཏོད་ལ་སྐུལ་འདེད་བཏང་ནས་ཐོབ་པའི་གྲུབ་འབྲས་གསར་པ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལེའུ་གསར་པ་ཞིག་ཀྱང་ཡིན་པ་དེ་ཐོག་ནས་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་གི་ཆོས་ཉིད་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། དགོངས་པ་གལ་ཆེན་དེས་རང་རེའི་ཏང་གིས“རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བཏབ་ནས། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་ནམ་ཡང་ཉམས་མེད་དང་འགན་འཁྲི་འཁུར་ཐུབ་པའི་འགན་ལེན་བྱེད་པར་རྩ་བའི་ལས་འགན་གསལ་བཏོན་གནང་བ་དང་། རང་རེའི་ཏང་གིས“རང་ངོས་གསར་བརྗེ་བྱེད་ཐུབ་དོན་གང་ཡིན་པའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བཏབ་ནས། ཏང་ཡོངས་ཀྱིས“ལན་གཉིས་པ”བེད་སྤྱོད་ཡག་པོ་དང་ཏང་ཆེན་པོ་ཁོ་ནར་མ་གཏོགས་མེད་པའི་གནད་དོན་ཐག་གཅོད་བྱེད་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་གནང་བ། རང་རེའི་ཏང་གིས“རང་ངོས་གསར་བརྗེར་སྐུལ་འདེད་ཇི་ལྟར་གཏོང་བའི”གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བཏབ་ནས། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་ཉམས་མེད་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། བརྩེ་བ་ཟབ་མོ་འཆང་བ་དང་། དད་སེམས་བརྟན་པོ་འཆང་བ། འགན་འཁྲི་ཆེན་པོ་འཆང་བ་བཅས་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་དོན་གལ་ཆེན་འདིའི་སྙིང་བཅུད་ཀྱི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ། དགོངས་དོན་དེ་རང་རྟོགས་ངང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ལག་བསྟར་་བཅས་བྱས་ཏེ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་དགོས།
     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། འདི་ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱོད་བཟང་སྒྲིག་ནན་གྱིས་རུལ་རྒོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས།
     དང་པོ། བློ་སྒྲིལ་སེམས་སྐྱེད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཟབ་ཏུ་དང་རྒྱ་སྐྱེད་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་བརྩིས་ནས། “གྲོས་གཞི་ཨང་དང་པོའི”ལམ་ལུགས་དང་མཉམ་སྡེབ་སློབ་སྦྱོང་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས་ལག་བསྟར་ནན་པོ་བྱེད་པ་དང་། གཏིང་ཟབ་ཏུ་གཏོང་བ་དང་། ནང་སེམས་སུ་འཇགས་པ། གཞན་སྒྱུར་བྱེད་པ་བཅས་ཀྱི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་འདུ་ཤེས་འཚོལ་བ་དང་། བསམ་ཕྱོགས་འཚོལ་བ། བྱ་ཐབས་འཚོལ་བ། བྱེད་ཐབས་འཚོལ་བ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་སྤྱོད་བཟང་སྒྲིག་ནན་གྱིས་རུལ་རྒོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།
    གཉིས་པ། “སྲུང་སྐྱོང་གཉིས”མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཆབ་སྲིད་ལ་བློ་དཀར་སེམས་དཀར་དང་། ཆབ་སྲིད་ཀྱི་བདེ་འཇགས། ཆབ་སྲིད་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་ལངས་ཕྱོགས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་བཅས་ལ་དམིགས་ཏེ་ཆབ་སྲིད་ཀྱི་ནོར་འཛོལ་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་ལྟ་རྒྱུ”རྒྱུན་རྣམ་ཅན་ལ་འགྱུར་བར་བྱས་ཏེ་ཏང་ཡོངས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
    གསུམ་པ། རུལ་སུངས་ཀྱི་ཆ་རྐྱེན་མེད་པ་བཟོ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས་ཤིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ཤུགས་འདོན་དང་སྐུལ་འདེད་གཏིང་ཟབ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དམ་བསྒྲགས་ཀྱི་རྣམ་པ་ཤུགས་ཆེར་གཏོང་བ། གཙོ་གནད་གནད་དོན་དང་། གཙོ་གནད་ཁྱབ་ཁོངས། དམིགས་ས་གཙོ་བོ། རྣམ་པ་གསར་པའི་རུལ་སུངས་དང་མངོན་མེད་རུལ་སུངས་བཅས་ལ་མུ་མཐུད་དམ་པོར་དམིགས་པ། སྲིད་ཚོང་ངན་འབྲེལ་གྱི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་དེ་འགག་སྒྲོལ་དམག་འཐབ་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། རྡོ་ཐ། སྨན་དང་སྨན་བཅོས། རྨང་གཞིའི་འཛུགས་སྐྲུན་ལས་གྲྭ འོས་སྐུལ་འོས་དཔོད་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་བཅོས་སྒྲིག་གཏིང་ཟབ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཀྱི་གནད་དོན་ལ་ཆད་པ་ནན་པོ་མཐའ་གཅིག་ཏུ་གཅོད་པ། མཐའ་མཚམས་སྒྲོལ་བའི་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བཅས་བྱེད་དགོས། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། དྲང་ལྡོག་ཕྱོགས་གཉིས་པོའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་གཟི་བརྗིད་དང་ལྐོག་ཟ་ཞེ་ཁྲེལ་གྱི་སྤྱི་ཚོགས་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ལྐོག་རྔན་སྤྲོད་ལེན་བྱེད་མཁན་ལ་མཉམ་དུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་ལྐོག་རྔན་སྤྲོད་མཁན་གྱི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། རྩིས་བཤེར་སོགས་ཀྱིས་རྩིས་སྤྲད་པའི་གནད་དོན་གྱི་ཁུངས་སྣེར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
    བཞི་པ། རྒྱུན་རྣམ་དང་ཕུགས་ཕན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཤིང་། སྒྲིག་འགལ་ངང་བཟའ་འཐུང་བྱེད་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས“སྒྲིག་འགལ་ངང་བཟའ་འཐུང་བྱེད་པ”དང་། “དམིགས་འཛུགས་ཀྱི་མཉམ་སྡེབ་ཟ་ཁང་ནང་བཟའ་འཐུང་བྱེད་པ” “སྦྱིན་བདག་གིས་བཏང་བའི་ཁ་ལག་ཟ་བ” “གཤམ་འོག་གི་མིས་བཏང་བའི་ཁ་ལག་ཟ་བ”སོགས་ཀྱི་གནད་དོན་ཞིབ་བཤེར་ནན་པོ་བྱེད་དགོས། སྤྱོད་ཚུལ་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱོད་ཚུལ་ལ་བརྟེན་ནས་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་བྱེད་དགོས་ལ་རུལ་སུངས་ལ་བརྟེན་ནས་སྤྱོད་ཚུལ་ཡོ་བསྲང་ཡང་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་འཆར་མང་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྒྲིག་ཤུགས་ཆེན་བྱས་ནས་འགོ་ཁྲིད་དང་ལས་ཁུངས་ནས་དམ་འཛིན་དང་འགོ་ཁྲིད་དང་ལས་བྱེད་པ་ནས་བཅོས་སྒྲིག་བྱེད་འགོ་བཙུགས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་ཤུགས་རྐྱེན་བཟོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ། གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ། ནོར་འཁྲུལ་གྱི་དབང་ཆའི་ལྟ་བ་དང་སྲིད་དོན་ལས་རྗེས་ཀྱི་ལྟ་བ་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
    ལྔ་པ། ནན་པའི་དགོངས་གཞི་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་གོ་སྐབས་སུ་བརྩིས་ནས་སྒྲིག་ཁྲིམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་ནན་ཏན་ངང་སྤེལ་ཏེ་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་སེམས་ལ་མི་བཞག་པ་དང་། རྒྱུས་མངའ་མི་ལོན་པ། ཁོང་དུ་མི་ཆུད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། “ཐབས་རྣམ་བཞི”ཚད་ལྡན་དུ་སྤྱོད་རྒྱུ་ཕྱོགས་སྟོན་དུ་བྱས་ཏེ་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ་དང་། ངོ་བོ་གཏན་འཁེལ་ཡང་དག་དང་སྒྲིག་ལྟར་ཁྲིམས་བསྟར་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་རང་འགན་གཙང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་འགན་འཁྲིའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
     དྲུག་པ། ཆབ་སྲིད་ཀྱི་ངེས་གནས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐོར་གཟིགས་སྐོར་ཞིབ་ལས་དོན་གཏིང་ཟབ་སྤེལ་དགོས་ཤིང་། སྐོར་གཟིགས་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་ཏན་ཏིག་བཏང་ནས། རིམ་སྤོར་སྐོར་གཟིགས་དང་མཉམ་འགུལ་སྐོར་གཟིགས་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་གཟིགས་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུཌ་ཆེ་རུ་གཏོང་བ། ཀྲུང་དབྱང་ཚན་པའི་ནང་ཁུལ་གྱི་སྐོར་གཟིཌ་ལ་ཁུལ་དབྱེ་བ་དང་ལས་རིགས་དབྱེ་ནས་མཛུབ་ཁྲིད་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་གཞི་རིམ་དུ་སྣུར་སྲིང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་བསྟར་ནས། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་སྐོར་གཟིགས་ལས་དོན་ལ་གཞོགས་འདེགས་བྱེད་པའི་གཏན་འབེབས་སོགས་ལ་བཟོ་བཅོས་བརྒྱབ་སྟེ་སྐོར་གཟིགས་དག་ཐེར་གྱི་དུས་འཁོར་ཧྲིལ་པོར་ཁྱབ་པའི་འགན་འཁྲིའི་མ་ལག་དང་ལམ་ལུགས་ཀྱི་ལས་རིམ་འཛུགས་དགོས།
    བདུན་པ། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་གཏིང་ཟབ་བྱེད་དགོས་ཤིང་། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་ནང་ཁུལ་དུ་ལས་ཁུངས་འཛུགས་པ་དང་། འགན་ནུས་བཀོད་སྒྲིག སྟོབས་ཤུགས་བཀོད་སྒྲིག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། བཅའ་སྡོད་ལས་ཁུངས་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་སློབ་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ས་གནས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཞིབ་བཤེར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བའི་བསམ་འཆར་བཟོས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་དང་གཞུང་ཁོངས་ཁེ་ལས་ལ་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་བཅའ་སྡོད་ཚོད་ལྟ་ལ་མཛུབ་ཁྲིད་བྱེད་པ། ཐད་ཀར་དོ་དམ་བྱེད་པའི་ཁོངས་གཏོགས་ཀྱི་ཞིང་ཆེན་རིམ་པ་མན་གྱིས་ཚན་པར་ལས་ཐོག་ཉེས་གསོག་གི་དོགས་ཡོད་གྱོད་གཞིའི་བདག་ཁོངས་དང་ལྟ་ཞིབ་བྱེད་ཐབས་སྒྱུར་བཅོས་ཚོད་ལྟ་བྱེད་དགོས། “ཚོགས་ཆུང་དབར”མཐུན་སྦྱོར་ལྟ་སྐུལ་དང་། “ཁང་དང་ཚོགས་ཆུང་དབར”མཉམ་འགུལ་ལྟ་སྐུལ། “ཁང་དང་། ཚོགས་ཆུང་། ས་ཁུལ་བཅས”ཀྱིས་མཉམ་འབྲེལ་གྱོད་སྒྲུབ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གིས《ཏང་ཙུས་ཏང་ཡོན་ལ་ཆད་གཅོད་ཀྱི་ལས་ཀའི་གོ་རིམ་ལ་གྲོས་བསྡུར་དང་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》སོགས་བཟོ་བཅོས་རྒྱག་རོགས་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲངས་འཛིན་ལག་རྩལ་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་སྒོ་ཁག་ནང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་གཞི་གཅིག་ཅན་གྱི་ལས་ཀའི་ལས་སྟེགས་སྐྲུན་དགོས།
     བརྒྱད་པ། རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཁུངས་ཡོངས་ཀྱིས་རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་བྱེད་པར་སྐུལ་ཁྲིད་བྱེད་དགོས། བསམ་བློའི་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས། ཆབ་སྲིད་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། རྦད་དེ་བློས་འཁེལ་བ། རྦད་དེ་སྤྱོད་གཙང་ཡོང་བ་བཅས་བྱེད་དགོས། སྤྱོད་ཚུལ་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་པ་དང“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བ་དང་། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་གཏོང་བ། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་ནན་པོ་སྒྲུབ་པ་བཅས་བྱེད་དགོས། སྤྱོད་གཙང་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས། ལས་བྱེད་པའི་དཔུང་ཁག་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཞིབ་བཤེར་བྱེད་པ་དང་། གྲི་དངོ་ནང་གཏད་ཀྱིས་ཕུང་འདྲེ་གཙང་སེལ་བྱེད་པ། “སྒྲོན་འོག་མུན་པ”མཐའ་གཅིག་ཏུ་འགོག་བཅོས་བཅས་བྱེད་དགོས། དོ་དམ་ནན་པོ་བྱེད་པའི་ཐད་རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས། ལས་བྱེད་པར་རྒྱུན་གཏན་ནས་ལྟ་སྐུལ་ཞིབ་ཚགས་དང་ཏན་ཏིག་བྱེད་པ་དང་། ལྟ་ཞིབ་དཔོན་གྱི་ལས་རིགས་འགན་ལེན་གྱི་ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་བྱེད་པས་བློ་བདེའི་ངང་འགན་འཁྲི་སྒྲུབ་པ་དང་རང་འགན་ཐེག་པ་འཁུར་ལེན་བྱེད་པར་སྐུལ་མ་གཏོང་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སེམས་མཐུན་སྟོབས་སྒྲིལ་དང་ལྷག་བསམ་འགན་སྒྲུབ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་ཉམས་འགྱུར་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་བསམ་བློའི་འཁྱེར་སོར་བརྟེན་ནས་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
   (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་འབྱོར་བའི་གློག་འཕྲིན)