འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་སཱ་ལཱ·ལན་ཏིར་འཕྲིན་ལན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་12ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་སཱ་ལཱ·ལན་ཏིར་འཕྲིན་ལན་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཉམས་སད་ཆེན་པོ་ཐེག་ནས་མཁའ་ལ་སྙེག་པའི་སྡོང་ཆེན་ལྟ་བུར་གྱུར་ཏེ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པ་ལས་རྒྱལ་ཁབ་གཉིས་པོར་བདེ་སྐྱིད་བསྐྲུན་ཡོད་ལ་འཛམ་གླིང་ལའང་ཕན་པ་ཐོབ་ཡོད། ཀྲུང་ཨའི་འབྲེལ་བར་ཐོབ་པའི་གྲུབ་འབྲས་ནི་དང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་དང་། ཀྲུང་ཨའི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཀྱང་བརྟེན་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ནི་གཞོན་ནུ་ཚོར་ཐུག་ཡོད། ཀྲུང་གོ་བས་རྒྱུན་དུ་བསྟན་བཅོས་ཁྲི་སྟོང་ཀློག ལེ་དབར་ཁྲི་སྟོང་སྐྱོད་ཅེས་ཤོད་ཀྱི་ཡོད། ངས་སླད་ཕྱིན་གྱི་ལོ་5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི་ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་འཚམས་འདྲིར་ཡོང་ནས་ཀྲུང་གོར་མིག་མཐོང་ལག་ཟིན་གྱིས་ལྟ་ཞིབ་དང་ཀྲུང་གོའི་ས་གཞི་ཆེན་པོ་འདོམ་གྱིས་འཇལ་ཏེ་མངོན་སུམ་དྲང་འབྲེལ་དང་། ཇི་མ་ཇི་བཞིན། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ཉམས་ལེན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་འབྲེལ་ཟམ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་བྱེད་པས་ཡིན། ངས་མཱ་སི་ཁ་ཐིང་གི་སློབ་མ་རྣམས་རྣམ་གྲངས་འདིའི་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ཨ་རི་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེ་ཤོས་ཡིན་པས་སྐར་མའི་གོ་ལ་འདིའི་མདུན་ལམ་དང་ལས་དབང་ཐད་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་དུ་དང་ཡག་ཏུ་གཏོང་དགོས་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་བསྐྲུན་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཉེ་ཆར། ཨ་རིའི་ཨའེ་ཨོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་སཱ་ལཱ·ལན་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་འབྲེལ་ཐོག་གཉེར་བའི་དགའ་བསུའི་གསོལ་སྟོན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ལ་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། མི་སེམས་ལའང་སྐུལ་མ་ཐེབས་སོང་། གསུང་བཤད་ནང་འབྱུང་འགྱུར་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་འདྲེན་རྒྱུ་ཡིན་པ་དེ་ནི་དགའ་བ་སྐྱེ་འོས་པའི་བྱ་བ་ཞིག་རེད། མཱ་སི་ཁ་ཐིང་མཐོ་རིམ་སློབ་འབྲིང་ཡང་འཆར་གཞི་དེར་ཞུགས་ཐུབ་པའི་རེ་བ་ཡོད། ཨ་ཀྲུང་རྒྱལ་ཁབ་ཆེན་པོ་གཉིས་པོས་གནམ་གཤིས་ཀྱི་འགྱུར་ལྡོག་དང་། འབྲུ་རིགས་ཀྱི་བདེ་འཇགས། དུག་རྫས་དང་ས་ཁུལ་གྱི་གདོང་ཐུག་སོགས་ཚུད་པའི་གནད་དོན་མཉམ་དུ་ཐག་གཅོད་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་བརྗོད་ཡོད་པ་རེད།