འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་བདེ་ཆེན་གྱིས“སྲིད་འཛིན་འདུམ་འགྲིག་དང་ཁྲིམས་འཛིན་ངོས་འཛིན་ཟུང་དུ་འབྲེལ་བའི”བྱ་ཐབས་ལ་བརྟེན་ནས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་08ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁེ་བེད་བདག་ཐོབ་ཀྱི་ཁེ་དབང་ལ་བཙན་གནོད་བཏང་བའི་རྩོད་གཞི་ཞིག་གི་སྲིད་འཛིན་འདུམ་འགྲིག་གི་གྲོས་མཐུན་ལ་ཁྲིམས་འཛིན་ངོས་འཛིན་བྱས་པ་དེ་ནི་ཡུན་ནན་གྱི་ཤེས་བྱའི་བདག་དབང་གི་རྩོད་གཞིའི་སྲིད་འཛིན་འདུམ་འགྲིག་གི་གྲོས་མཐུན་ལ་ཁྲིམས་འཛིན་ངོས་འཛིན་བྱེད་པའི་གྱོད་གཞི་ཐོག་མ་དེ་ཡིན་པ་རེད།
     2023ལོའི་ཟླ་11པར་བདེ་ཆེན་ཀྲོའུ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐབ་ཀྱི་ཕྱི་ངོས་ཇུས་འགོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་ཁེ་དབང་ལ་བཙན་གནོད་བཏང་བ་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཞིག་བདག་སྤྲོད་བྱས་ཤིང་། མཐར་དོ་བདག་ཕྱོགས་གཉིས་པོས་ཅུས་དེའི་གཙོ་སྐྱོང་འོག་འདུམ་འགྲིག་གི་གྲོས་མཐུན་བཞག་པ་དང་འབྲེལ། འདུམ་འགྲིག་གི་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་ངོས་འཛིན་གྱི་རེ་ཞུ་བྱས་པ་རེད། ཁྲིམས་ཁང་གིས་དོ་བདག་གིས་ཕུལ་བའི་རེ་འདུན་ཞུ་ཡིག་དང་། གྲོས་མཐུན་གྱི་རྣམ་པ་དང་ནང་དོན། ཤེས་བྱའི་བདག་དབང་གི་བདག་ཁོངས་ངོ་སྤྲོད་དཔྱད་ཡིག་སོགས་ལ་ཞིབ་བཤེར་བྱས་རྗེས། དམངས་དོན་ཁྲུན་ཁྲ་བཏོན་ནས་འདུམ་འགྲིག་གི་གྲོས་མཐུན་གོ་ཆོད་པའི་གཏན་འཁེལ་བྱས་པ་མ་ཟད། དོ་བདག་གིས་ལག་བསྟར་དང་ལེན་མ་བྱས་པའམ་ཡང་ན་ཆ་ཚང་བ་ལག་བསྟར་མ་བྱས་རིགས་ཕྱོགས་གཞན་དེས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་ཆོག་ལུགས་ཁ་གསལ་བཏོན་ཡོད།
    གསར་འགོད་པས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ཡུན་ནན་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་རྩོད་གཞི་མང་པོ་འདུམ་འགྲིག་བྱེད་པའི་ནུས་པ་གང་ལེགས་བཏོན་ནས་ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་དང་ཁྲིམས་འཛིན་སྲུང་སྐྱོང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཡུན་ནན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུས་ཀྱིས་2023ལོར《ཤེས་བྱའི་བདག་དབང་སྲུང་སྐྱོང་གི་མཉམ་ལས་བརྗེད་ཐོ》དང《ཤེས་བྱའི་བདག་དབང་གི་རྩོད་གཞིའི་སྲིད་འཛིན་འདུམ་འགྲིག་གི་གྲོས་མཐུན་ལ་ཁྲིམས་འཛིན་ངོས་འཛིན་བྱ་རྒྱུའི་ལས་དོན་སྐོར་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》མཉམ་དུ་བཀྲམ་ནས་དྲ་ཐོག་གཏུག་བཤེར་དང་ལེགས་སྒྲིག་སྦྲེལ་མཐུད་ལམ་སྲོལ་གྱི་དོན་དངོས་རང་བཞིན་གྱི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ཆེད་ཁེའི་དབང་ཆ་འཛིན་མཁན་གྱིས་མོས་མཐུན་བྱས་པའི་ཆེད་ཁེའི་དབང་ཆར་བཙན་གནོད་བཏང་བའི་རྩོད་གཞིར་དམིགས་ཏེ་སྲིད་འཛིན་སྔོན་སྒྲུབ་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་གདལ་གཏོང་བ། ཤེས་བྱའི་བདག་དབང་གི་རྩོད་གཞིའི་སྲིད་འཛིན་འདུམ་འགྲིག་གི་གྲོས་མཐུན་གྱི་ཁྲིམས་འཛིན་ངོས་འཛིན་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཁ་དན་ཚིག་གནས་ཡོང་བར་སྐུལ་སྤེལ་གཏོང་བ་སོགས་བྱས་ཡོད།
     ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཤེས་བྱའི་བདག་དབང་ཐིང་གི་ཐིང་ཀྲང་ཆིན་ཅའོ་ཡིས། ཤེས་བྱའི་བདག་དབང་གི་རྩོད་གཞིའི“སྲིད་འཛིན་འདུམ་འགྲིག་དང་ཁྲིམས་འཛིན་ངོས་འཛིན་ཟུང་དུ་འབྲེལ་བའི”ལམ་སྲོལ་གྱིས་ཁྲིམས་འཛིན་ངོས་འཛིན་གྱི་གོ་རིམ་བརྒྱུད་སྲིད་འཛིན་འདུམ་འགྲིག་གི་གྲོས་མཐུན་བཙན་ཤེད་ཀྱིས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བས། སྲིད་འཛིན་འདུམ་འགྲིག་གི་མྱུར་ལ་ཕན་འབྲས་མཐོ་བའི་ལེགས་ཆ་གང་ལེགས་འདོན་ཐུབ་ལ། འདུམ་འགྲིག་གི་གྲོས་མཐུན་ལག་ལེན་བསྟར་བར་འགན་ལེན་ནུས་ལྡན་ཡང་ཐུབ་ནས་དོ་བདག་ཕྱོགས་གཉིས་པོའི་ཞུ་གཏུག་རྒྱག་རིང་གི་དཀའ་ངལ་ཆུང་དུ་ཕྱིན་པ་དང་རྩོད་གཞི་ཐག་གཅོད་ནུས་ལྡན་ཐུབ་ཡོད་ཅེས་བཤད་པ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)