འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ཞིང་འབྲོག་པའི་འགྲོ་སྐྱོད་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་08ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞབས་ཞུ་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དྲ་བ་ལེགས་སུ་བཏང་ཡོད། མིག་སྔའི་བར་རིམ་གསུམ་དང་དེ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་འབབ་ཚུགས་56དང་། ཤང་དང་གྲོང་རྡལ་གྱི་སྐྱེལ་འདྲེན་ཞབས་ཞུའི་འབབ་ཚུགས་275གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་363དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་477ཤར་གཏོང་ཐུབ་པ་དེས་འགྲོ་ལམ་སྐྱེལ་འདྲེན་ཞབས་ཞུའི་ནུས་པ་ཆེས་ཆེར་ཆེ་རུ་ཕྱིན་ཏེ། ཞིང་འབྲོག་མང་ཚོགས་ཁྲི་230ལྷག་ཙམ་གྱི་འགྲོ་སྐྱོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
     2023ལོར་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡོད་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ཏེ། དམངས་འཚོའི་དོན་དངོས་ཁག་གཅིག་བསྒྲུབས་ཡོད། སྔོན་དཔག་བྱས་ན། འདི་ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་སྤྱི་ལེ་ཁྲི་8.9ཟིན་པའི་ནང་། མྱུར་བགྲོད་གཞུང་ལམ་གྱི་རིམ་པ་དང་པོའི་གཞུང་ལམ་སྤྱི་ལེ་5000ལས་བརྒལ་བ་དང་། རིམ་པ་དང་པོའི་གཞུང་ལམ་ཚུད་པའི་ཆུས་དང་རྫོང(སྲིད་འཛིན་ཨུ་ལྷན)གི་མྱུར་བགྲོད་གཞུང་ལམ་ཁེབས་ཚད་75.6%ཟིན་ནས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྦྲེལ་ཚིགས་ཚང་མར་རིམ་པ་གཉིས་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཤང་དང་གྲོང་རྡལ་78.4%ལ་རིམ་གསུམ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་ཤང་དང་། གྲོང་རྡལ། སྒྲིག་ཚུད་གྲོང་ཚོ་བཅས་ཚང་མར་ཨར་འདམ་ལམ་བསྐྲུན་ཡོད། དེ་དང་ཆབས་ཅིག་གཞུང་ལམ་གྱི་དུས་གཏན་འགྲུལ་སྐྱེལ་ཁེ་ལས་ལ་སྣེ་ཁྲིད་བྱས་ནས་འགྲུལ་སྐྱེལ་ཞབས་ཞུ་ཁྱབ་སྤེལ་དང་གཏན་འཁེལ་ཧུར་ཐག་བྱས་ཏེ། སྣ་མང་ཅན་དང་། ཁྱད་ཆོས་ཅན། གཏན་འཁེལ་ཅན། སྟབས་བསྟུན་ཅན་བཅས་ཀྱི་འགྲུལ་སྐྱེལ་ཞབས་འདེགས་ཞུས་ནས་འབྲེལ་མཐུད་སྐྱེལ་འདྲེན་ཞབས་ཞུའི་མཁོ་སྤྲོད་ནུས་པ་དང་སྤུས་ཚད་མཐོ་རུ་བཏང་ཡོད། མིག་སྔར་ཟི་ལིང་དང་། མཚོ་ཤར། རྨ་ལྷོ། མཚོ་ལྷོ་བཅས་ས་ཁུལ་4ཡིས་སྒྲིག་སྲོལ་གཏན་འཁེལ་གྱི་འགྲུལ་སྐྱེལ་ཞབས་ཞུ་བྱས་པ་དང་། ཞིང་ཆེན་ཡོངས་སུ་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་26བཟོས་ཏེ། ལམ་ཐིག་རིགས་མི་འདྲ་བ་དག་གྲོང་ཁྱེར་དང་། རྫོང་འབྲེལ་མཚམས། རྫོང་ནང་ཁུལ་གྱི་དུས་གཏན་ལམ་ཐིག་བཅས་ལ་ཁྱབ་ཡོད།
     གཞན་ཡང་། མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“ལྗང་མདོག་སྤྱི་སྤྱོད་རླངས་འཁོར”གྱི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་བཟུང་བའི་བསྡུར་གྲངས་མཐོ་རུ་ཟམ་མི་ཆད་པར་བཏང་ཡོད། 2023ལོར་རིམ་རྩིས་བྱས་ན། སྒོར་དུང་ཕྱུར་5.54གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཉོ་སྒྲུབ་དང་འབབ་ཚུགས་རིམ་སྤོར་སྒྱུར་བཀོད་ལ་བཏང་བ་དང་། ཟི་ལིང་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱོན་578གསར་བརྗེས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་64.3%ཟིན་ནས་དུས་མཚུངས་ལས་26.2%འཕར་ཡོད། འབབ་ཚུགས་གཏན་འཁེལ་བྱེད་པ་ལས་ལམ་ཐིག་གཏན་འཁེལ་མི་བྱེད་པ་དང་། དྲ་ཐོག་ནས་སྔོན་མངགས་བྱེད་པ། དགོས་མཁོ་ལྟར་བརྡ་ལན་ཞུ་བ་བཅས་ཀྱི་བྱ་ཐབས་ཐོག་ནས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ལྷོ་དང་། ཏུང་ཁྲོན། ཧའེ་ཧུའུ། གྲོང་བྱང་བཅས་ཡུག་ཁུལ་བཞི་རུ་སྐོར་སྐྱོད་དྲ་འབོད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་ནས་སྐོར་སྐྱོད་ས་ཁོངས་ནང་གི་གྲོང་མིར་དུས་མཚམས་ཧྲིལ་པོར་དྲ་འབོད་སྤྱི་སྤྱོད་རླངས་འཁོར་གྱི་ཕྱིར་སྐྱོད་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག རྒན་རྒོན་ལ་འཚམ་པའི་འགྲིམ་འགྲུལ་འགྲོ་སྐྱོད་ཞབས་ཞུར་སྐུལ་འདེད་ཧུར་ཐག་བཏང་ནས་རླངས་འཁོར་འབོད་པའི་ཐད་གཏོང་ཁ་པར་ཨང་གྲངས་95128ཤར་གཏོང་བྱས་ཏེ། དྲ་འབོད་རླངས་འཁོར་ལས་སྟེགས་ཀུང་སིས་རྒན་འཁོགས་ལ་སྐྱེལ་འདྲེན་ཞབས་ཞུ་འགན་སྲུང་ཡོང་བར་ལྕག་སྐུལ་བྱས་ཡོད། ལོ་ཧྲིལ་པོར་དཔངས་དམའ་བའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་280མང་དུ་དང་གསར་བརྗེས་བྱས་པ་དང་། འཛུལ་སྒོ་དམའ་བའི་གྲུབ་ཆ་ཇུས་འགོད་བྱས་པ་དེས་འགྲུལ་པ་རྒན་འཁོགས་དང་འགྲོ་སྐྱོད་སྟབས་མི་བདེ་བའི་དམིགས་བསལ་ཚོགས་སྤྱི་རླངས་འཁོར་ནང་འཛུལ་བ་དང་འབབ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། དེ་དང་ཆབས་ཅིག སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་10རྒན་འཁོགས་དང་འཚམ་པ་སྒྱུར་བཀོད་བྱས་ནས་རྒན་བཀུར་རྒན་གཅེས་ཀྱི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཞབས་ཞུའི་དཔེ་སྟོན་ལམ་ཐིག་10སྔ་རྗེས་སུ་བཏོད་དེ་དམིགས་བསལ་མི་ཚོགས་འགྲོ་སྐྱོད་སྟབས་བདེ་ཡོང་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད།
     (ཚེ་དབང་ལྷ་མོས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)