འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་5བཀག་སྡོམ་བྱ་རྒྱུའི་ཐག་བཅད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་08ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས། ཨ་རིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་མས་ཚོན་ཆ་བཙོངས་ནས་ཀྲུང་གོའི་དངོས་ཚན་བཀག་སྡོམ་བྱེད་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
དྲི་བ། ཉེ་ཆར། ཨ་རིས་རེས་སྐོར་གསར་པའི་ཐའེ་ཝན་ལ་དམག་འཚོང་བརྒྱབ་པ་དང་འབྲེལ་ཁ་གཡར་ས་སྣ་ཚོགས་ཀྱི་ཐོག་ནས་ཀྲུང་གོའི་ཁེ་ལས་དང་སྒེར་པ་བཀག་སྡོམ་བྱས་པར། ཀྲུང་གོ་ཕྱོགས་ཀྱིས་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད་ཡོད། མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་ངོ་སྤྲོད་བྱས་ན་ཆོག་གམ་ཞེས་དྲིས། 
   དྲིས་ལན། ཨ་རིས་འཛེམ་བག་མེད་པར་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ། ལྷག་པར་དུ་“བརྒྱད་བདུན་”སྤྱི་བསྒྲགས་ཀྱི་གཏན་འབེབས་དང་འགལ་ནས། ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་མཚོན་ཆ་བཙོངས་པ་དང་། ཁ་གཡར་ས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོའི་ཁེ་ལས་དང་སྒེར་པར་ཁྲིམས་འགལ་ཐོག་ནས་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་ཏེ། ཀྲུང་གོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བས། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་སྒེར་གྱི་ཚུལ་མཐུན་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོ་ཕྱོགས་དེར་ཧ་ཅང་མི་དགའ་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཨ་རི་ཕྱོགས་དང་དྲང་ནན་གྱི་སྐད་ཆ་བྱ་རྒྱུ་ཡིན།
    ཨ་རི་ཕྱོགས་ཀྱི་གོང་གསལ་གྱི་ནོར་འཁྲུལ་ཚབས་ཆེན་ལ་དམིགས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ལ་ངོ་རྒོལ་བྱེད་པའི་བཀག་སྡོམ་བཅའ་ཁྲིམས་》གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་པེ་དབྱི་སྐམ་ས་དང་གོ་མཚོན་མ་ལག་ཀུང་སི།(BAE Systems Land and Armament)དང་མཉམ་འབྲེལ་ལག་རྩལ་མ་ལག་གཉེར་སྐྱོང་ཀུང་སི།(Aliant Techsytsms Operomon)འཇིག་རྟེན་འཕུར་སྐྱོད་ཁོར་ཡུག་ཀུང་སི།(AeroVionatent)ViaSatཀུང་སི་དང་Data Link Solutionsཀུང་སི་བཅས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་5བཀག་སྡོམ་བྱས། བྱ་ཐབས་ནི་རང་རྒྱལ་མངའ་ཁོངས་སུ་ཡོད་པའི་ཉེར་སྤྱོད་ནོར་རྫས་དང་། གཏན་འཇགས་ནོར་རྫས། དེ་མིན་གྱི་རྒྱུ་ནོར་སྣ་ཚོགས་བཅས་བཀག་སྡོམ་བྱ་རྒྱུ་ཚུད་ཡོད། རང་རྒྱལ་གྱི་མངའ་ཁོངས་ནང་གི་རྩ་འཛུགས་དང་སྒེར་གྱིས་ཀུང་སི་དེ་དག་དང་ཉོ་ཚོང་དང་མཉམ་ལས་སོགས་ཀྱི་བྱེད་སྒོ་སྤེལ་རིགས་བཀག་སྡོམ་བྱས་ཡོད། 
    ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པ་དང་། ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པ་ངས་ནན་བཤད་བྱ་རྒྱུ་ཡིན། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་བརྩི་སྲུང་ནན་པོར་ཞུ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དམ་པོར་སྲུང་བ། ཐའེ་ཝན་ལ་དྲག་ཆས་སྤྲོད་མཚམས་འཇོག་པ། ཀྲུང་གོར་ཁྲིམས་དང་འགལ་ཏེ་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་མཚམས་འཇོག་པ་བཅས་ཀྱི་སྐུལ་མ་གཏོང་རྒྱུ་ཡིན། དེ་འདྲ་མ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒོལ་ལན་ནུས་ལྡན་སློག་ངེས་རེད།