འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་07ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་དང་། ཆའོ་ཏུང་། ཝང་མའེ།
    2021ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་སྐྲུན་མགྱོགས་སུ་བཏང་ནས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་དང་། རང་བྱུང་ཐོན་ཁུངས་གསོ་སྤེལ་ཡག་པོ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོ་རུ་བཏང་བ་རེད།
    མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་དེ་སྔ་རང་བྱུང་སྲུང་སྐྱོང་ཁུལ་5བཙུགས་ཡོད་པར་ཁྱབ་ཁོངས་ཕན་ཚུན་སྣོལ་ཟློས་ཀྱི་སྣང་ཚུལ་ཡོད་ཅིང་། ད་ཆ་སྲུང་སྐྱོང་ཁུལ2ལ་ཟླ་སྒྲིལ་ལེགས་བཅོས་བྱས་པས། ཐོན་ཁུངས་ཀྱི་གཞི་གྲངས་དེ་བས་ཁ་གསལ་དང་དོ་དམ་སྲུང་སྐྱོང་གི་འགན་འཁྲི་སྔར་བས་གསལ་དུ་སོང་ཡོད། དེ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མྱུར་པོ་སྐྲུན་པའི་བསྡུས་རིས་ཤིག་རེད།
    སྤུས་ཚད་མཐོན་པོས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་དུས་འགོའི་ལས་དོན་སོགས་སྤེལ་ཞིང་། གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་པའི་ཚོད་ལྟའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་སྟེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་དོན་སྔར་བས་གསར་གཏོད་བྱས་པ་རེད།
    བར་མཐོངས་བཀོད་ཇུས་སྔར་བས་ལུགས་མཐུན་བྱུང་ཞིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་དང་ཐོག་མའི་སྤྱི་ལེ་ངོས་གྲུ་ཁྲི་12.31ནས་2022ལོའི་སྤྱི་ལེ་ངོས་གྲུ་ཁྲི་19.07བར་ཆེ་རུ་ཤུགས་ཆེན་སོང་ཡོད། “ང་ཚོས་གླིང་ཁུལ་དུ་སྔར་ནས་ཡོད་པའི་སྲུང་སྐྱོང་ཁུལ་15ཟླ་སྒྲིལ་ལེགས་བཅོས་བྱས་པས་མཚོ་དང་། འདམ་ར། འབྲི་ཆུ་དང་རྨ་ཆུའི་ཆུ་འགོ འཁྱགས་རོམ། གངས་རི་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་སོང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ཐིང་ཆང་གིས་ངོ་སྤྲོད་བྱས།
    སྲུང་སྐྱོང་རྒྱ་ཁྱོན་ཆུང་དུ་མི་འགྲོ་བ་དང་། སྲུང་སྐྱོང་བྱེད་ཤུགས་ཆུང་དུ་མི་གཏོང་བ། སྲུང་སྐྱོང་གི་ངོ་བོ་མི་འགྱུར་བ་བཅས་ཀྱི་སྤྱིའི་བླང་བྱར་བརྩི་སྲུང་ཞུས་ནས། མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ལ་ཟླ་སྒྲིལ་ལེགས་བཅོས་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྔར་ཡོད་རང་བྱུང་སྲུང་སྐྱོང་ཁུལ་109དེ་དག་རིགས་3གྱི་སྲུང་སྐྱོང་ཁུལ་83ལ་ཟླ་སྒྲིལ་ལེགས་བཅོས་བྱས་པར་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་27.22ཟིན་ཡོད་པ་རེད། དེའི་ནང་། རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་གྱི་75.85%བཟུང་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཅིག་རགས་ཙམ་གྲུབ་ཡོད།
    གསར་སྤེལ་དང་བེད་སྤྱོད་དེ་བས་གོ་རིམ་ལྡན་ཞིང་། རང་བྱུང་ཐོན་ཁུངས་ཐད་ཀར་བེད་སྤྱོད་བྱེད་ཚད་སྔར་བས་ཉུང་དུ་གཏོང་བ་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་སྤྱིའི་དམིགས་ཚད་དུ་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དམིགས་འཁྲོལ་གཉེར་སྐྱོང་དང་རང་བྱུང་ཐོན་ཁུངས་གཉེར་སྐྱོང་གི་དོ་དམ་ཚོད་ལྟ་རྒྱུན་མཐུད་བྱས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཐོན་ལས་འཕེལ་རྒྱས་ཀྱི་ཆོག་འཐུས་གསལ་ཐོ་དང་རང་བྱུང་ཐོན་ཁུངས་གཉེར་སྐྱོང་གི་དོ་དམ་ལམ་ལུགས་འཚོལ་ཞིབ་བྱས་ནས་བཟོས་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་། ཁོར་ཡུག་སློབ་གསོ། ཐོན་ལས་འཕེལ་རྒྱས་བཅས་དང་དེ་བཞིན་དམིགས་འཁྲོལ་གཉེར་སྐྱོང་སོགས་ཆེད་དོན་འཆར་འགོད་ལག་ལེན་བསྟར་བ་རེད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བར་གནས་པའི་ཆུ་དམར་ལེབ་རྫོང་གིས་ཉེ་བའི་ལོ་ཤས་རིང་གཡུ་འབྲུག་ལྷ་རྩེ་རྒྱལ་སྤྱིའི་རི་འཛེགས་གྲོང་སྡེ་རྒྱུན་མཐུད་བཏོད་ནས། དམངས་སྲོལ་གནས་ཚང་དང་རི་འཛེགས་ཉམས་ལེན་སོགས་ཞབས་འདེགས་ཞུ་ནུས་འཐུས་སྒོ་ཚང་དུ་བཏང་བས། ལོ་ལྟར་རི་འཛེགས་ལ་དགའ་མོས་བྱེད་མཁན་མང་པོའི་ཡིད་དབང་བཀུག་ཡོད། 2023ལོར་རིམ་རྩིས་བྱས་ན། རི་འཛེགས་ལ་དགའ་མོས་བྱེད་མཁན་3000ལྷག་ཙམ་གྱིས་རི་འཛེགས་ཀྱི་རེ་ཞུ་བསྐྱལ་ཡོད།
    “ང་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་། དམངས་འཚོ་ལེགས་གཏོང་། ལྗང་མདོག་འཕེལ་རྒྱས་བཅས་གཅིག་གྱུར་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་བཞག་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་མགྱོགས་སུ་གཏོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་བརྗོད།