འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟབས་བདེའི་སློབ་ཁང་ནང་གི་སློབ་ཚན་དང་པོ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་03ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པ། ཀྲོའུ་ཧྲེང་ཧྲེང་དང་། ལི་ཉིང་། ལི་ཀྲེན་དབྱི།
     2023ལོའི་ཟླ་12ཚེས་28ཉིན་གྱི་ཆུ་ཚོད་8པར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭའི་ལུས་རྩལ་ཐང་དུ། སྟབས་བདེའི་སློབ་ཁང་གསར་རྐྱང་སྟར་པ་7ལ་ཞོགས་ཉི་སེར་པོའི་འོད་མདངས་རབ་ཏུ་འཕྲོས་ཤིང་སློབ་ཁང་ནས་དགོད་སྒྲ་དང་དཔེ་ཀློག་གི་དབྱངས་རྟ་ལྷང་ལྷང་གྲགས་འོང་།
     “སློབ་ཕྲུག་ཚོ། མ་མཇལ་ཡུན་རིང་། དེ་རིང་སྟབས་བདེའི་སློབ་ཁང་ནང་གི་སློབ་ཚན་དང་པོ་ནི་གེགས་རྗེས་ཀྱི་སེམས་ཁམས་བདེ་ཐང་སློབ་གསོ་ཞེས་པ་འཚོག་རྒྱུ་ཡིན”ཞེས་ལོ་རིམ་ལྔ་པའི་དགེ་རྒན་མཱ་ཡུས་ཕིང་གིས་སློབ་མ་ཚོར་སྟབས་བདེའི་སློབ་ཁང་ནང་གི་སློབ་ཚན་དང་པོ་དེ་ཁྲིད་བཞིན་འདུག
     ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2རྒྱག་སྐབས། ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭར་གནོད་འཚེ་ཚབས་ཆེན་ཕོག་སྟེ་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་གི་གྱང་གས་ནས་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་Cརིམ་པའི་ཉེན་ཁང་དུ་གཏན་འཁེལ་བྱས།
     ས་ཡོམ་བརྒྱབ་རྗེས་ཀྱི་2023ལོའི་ཟླ་12ཚེས་20ཉིན། གསར་འགོད་པ་སློབ་གྲྭ་དེར་ལྟ་བར་བསྐྱོད། ཕྱི་ནས་ལྟ་སྐབས་སློབ་ཁྲིད་ཐོག་ཁང་དག་རྣམ་ཀུན་དང་ཁྱད་མེད་ཀྱང་། སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་གི་ནང་དུ་སྐྱོད་སྐབས་གས་སྐྱོན་ཤོར་བའི་གྱང་དང་། ཐར་ཐོར་དུ་གནས་པའི་སྒྲོག་ཙེ་རྐུབ་སྟེགས། གྱང་སྟེང་གི་སེར་ཁ་སོགས་གང་སར་མཐོང་རྒྱུ་འདུག
     “མ་གཞི་སློབ་ཁྲིད་ཐོག་ཁང་གས་སྐྱོན་ཆེན་པོ་བྱུང་ཡང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་610དང་དགེ་རྒན་ལས་བཟོ་70ལ་འཆི་རྨས་གང་ཡང་བྱུང་མེད། གོམ་སྟབས་རྗེས་མར་སློབ་གྲྭས་དྲ་ཐོག་སློབ་ཚན་འཚོགས་ཏེ་ཆ་རྐྱེན་ཡོངས་སུ་འཛོམས་རྗེས་སློབ་ཚན་སླར་གསོ་བྱེད་ཀྱི་ཡིན”ཞེས་སློབ་སྤྱི་ཝང་ཤན་ཀྲེན་གྱིས་བཤད།
     ཚེས་28ཉིན་གྱི་ཞོགས་པ། གསར་འགོད་པར་སླར་ཡང་སློབ་སྤྱི་ཝང་ཤན་ཀྲེན་ཐུག་ཅིང་། ཁོང་སྟབས་བདེའི་སློབ་ཁང་དུ་སྒྲོག་ཙེ་རྐུབ་སྟེགས་དང་གློག་གི་གནས་ཚུལ་ལ་ལྟ་བཞིན་འདུག “དེ་རིང་ང་ཚོས་གཙོ་བོ་སེམས་ཁམས་བདེ་ཐང་སློབ་གསོ་དང་ས་ཡོམ་གྱི་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་ཕྲུ་གུ་ཚོ་སློབ་ཁང་གསར་པར་གོམས་སུ་འཇུག་གི་ཡིན། ང་ཚོའི་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གསར་པ་བརྒྱབ་མ་ཚར་གོང་ཕྲུ་གུ་ཚོ་སྟབས་བདེའི་ཁང་པ་འདི་ཚོའི་ནང་སློབ་ཚན་འཚོག་དགོས་ཀྱི་ཡོད”ཅེས་ཁོང་གིས་བཤད།
     སྟབས་བདེའི་སློབ་ཁང་བརྒྱབ་ཟིན་པ་དང་སྦྲགས། ས་ཡོམ་གྱི་གས་སྐྱོན་བྱུང་བའི་སློབ་གྲྭར་བསྐྱར་དུ་སྔོན་མ་ལྟ་བུའི་འཁྲུག་ཆ་མངོན། སློབ་ཁང་དུ་སློབ་མ་ཁག་གཅིག་ནན་ཏན་སྒོས་ཟིན་བྲིས་རྒྱག་པ་དང་། ཁག་གཅིག་སློབ་ཁྲིད་ལ་ཉན་པ། ཡང་ཁག་གཅིག་སྐད་ཆ་ཤབ་ཤུབ་ཤོད་པ་སོགས་བྱེད་ཀྱིན་འདུག
     “ཞོགས་པ་ངས་སློབ་གྲྭའི་ནང་སློབ་མ་མང་པོ་ཞིག་མཐོང་བྱུང་། ས་ཡོམ་གྱིས་རྐྱེན་པས་ཁོང་ཚོ་རས་གུར་ནང་སློབ་ཚན་འཚོགས་དགོས་འཁེལ་བས་སློབ་ཁྲིད་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་འདུག སློབ་གྲྭའི་སྟབས་བདེའི་ཁང་པ་འདི་དག་ཉིན་གཅིག་རང་ལ་བསྐྲུན་ཟིན་པ་ནི་བསམ་ཡུལ་ལས་འདས་སོང་། ཕྲུ་གུ་ཚོ་བདེ་འཇགས་ངང་སློབ་གྲྭར་ལོག་ཐུབ་པ་ནི་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་རེད”ཅེས་ལོ་རིམ་ལྔ་པའི་ཨང་རྩིས་དགེ་རྒན་ཝང་ཞན་ཧུའེ་ཡིས་བཤད།
     ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ས་ཡུལ་དངོས་ཀྱི་སྒྲིག་སྦྱོར་འགན་འཁུར་བ་དབྱང་ཨན་ཡང་གིས། ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་ཀྲུང་གོ་ལྕགས་ལམ་ཅུས་དང་པོས་འཕྲལ་དུ་ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭར་སྟབས་བདེའི་སློབ་ཁང་རྒྱག་རོགས་བྱས་པ་རེད། ང་ཚོས་མི་126ལས་གྲུབ་པའི་ཨར་སྐྲུན་དཔུང་ཁག་བཏང་ནས་བསྟུད་མར་ཆུ་ཚོད་12ལས་ཀ་བྱས་ཏེ་ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་སྟབས་བདེའི་སློབ་ཁང་ཚང་མ་བསྐྲུན་ཟིན། ཀུང་སིའི་བདེ་འཇགས་ཞིབ་བཤེར་སྡེ་ཚན་གྱིས་སྤུས་ཚད་ལ་བརྟག་དཔྱད་བྱས་ཏེ་ཕྲུ་གུ་ཚོ་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་ཏུ་སློབ་ཚན་འཚོག་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
     ཟླ་12ཚེས་26ཉིན་གྱི་ཆུ་ཚོད་22པའི་བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། དཔའ་ལུང་ཧུད་རིགས་རང་སྐྱོང་རྫོང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་བཅས་སུ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་103བཙུགས་པར་སྟབས་བདེའི་ཁང་པ་2289བརྒྱབ་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་9551སྤོས་པ་རེད། སློབ་གྲྭ་མང་པོར་སྟབས་བདེའི་སློབ་ཁང་བརྒྱབ་ནས་སློབ་གྲྭའི་སློབ་ཁྲིད་གཅིག་རྗེས་གཉིས་མཐུད་དུ་སླར་གསོ་བྱུང་བ་རེད།
     “སློབ་གྲྭར་ལོག་རྒྱུ་བྱུང་ནས་བློ་ཧ་ཅང་བདེ་པོ་འདུག”ཅེས་ལོ་རིམ་ལྔ་པའི་སློབ་མ་ལི་ཅིང་གིས་བཤད།
     (ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)