འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་མཚོ་བོད་ལྕགས་ལམ་བརྒྱུད་བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་295.9ཟིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་03ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། 2023ལོའི་ཟླ་12ཚེས་31ཉིན་བར། 2023ལོར་མཚོ་བོད་ལྕགས་ལམ་བརྒྱུད་བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་ཁྱོན་མི་ཐེངས་ཁྲི་295.9ཟིན་པའི་ནང་བོད་དུ་ཡོང་མཁན་འགྲུལ་པ་མི་ཐེངས་ཁྲི་153.3དང་བོད་ནས་སྐྱོད་མཁན་འགྲུལ་པ་མི་ཐེངས་ཁྲི་142.6ཟིན་པ་དེ་2018ལོ་ལས་མི་ཐེངས་ཁྲི་36.6དང་། མི་ཐེངས་ཁྲི་26.6 མི་ཐེངས་ཁྲི་10.1བཅས་སོ་སོར་འཕར་ཏེ་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་17སོང་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚོགས་པ་ཀུང་སིས་བསྐྱར་དར་རྟགས་ཅན་གྱི་སྒུལ་ཤུགས་གཉིས་ལྡན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་དང་སྤྱིར་བཏང་མེ་འཁོར་ཟུང་འབྲེལ་རྣམ་པའི་ཐོག་ནས་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་བཅས་ས་ཁུལ་གསུམ་དབར་གྱི་སྐྱེལ་འདྲེན་བཀོད་སྒྲིག་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། 2023ལོར་ཁྱོན་བོད་ནས་འགྲོ་འོང་བྱེད་མཁན་གྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་1107བཏང་བ་དང་། ལྷ་ཉིང་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་སོ་སོར་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངས་624དང་738མང་དུ་བཏང་བ། བོད་ནས་འགྲོ་འོང་བྱེད་མཁན་མེ་འཁོར་མང་ཤོས་ཀྱི་དུས་མཚམས་སུ་ཉིན་རེར་འགྲོ་འོང་མེ་འཁོར་9རྒྱུན་འཁྱོངས་བྱས་ཡོད།
     གཞན་ཡང་མཚོ་བོད་ཚོགས་པ་ཀུང་སི་དང་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་ལམ་ཕྲན་བརྗེ་སྒྱུར་དང་བརྡ་རྟགས་མ་ལག་སྒྱུར་བཀོད་ལས་གྲྭ་དང་ཟི་ལིང་ནས་གོར་མོ་བར་གྱི་དུམ་བུའི་སྤུས་ཚད་མཐོར་གཏོང་ལས་གྲྭ་སྔ་རྗེས་སུ་ལེགས་སྒྲུབ་བྱས་ནས། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་དང་སྒྲིག་ཆས་སྒྲིག་བཀོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་། ལྕགས་ལམ་གཉེར་སྐྱོང་གི་བདེ་འཇགས་རང་བཞིན་དང་། བློས་འགེལ་རང་བཞིན། སྐྱིད་སྣང་རང་བཞིན། ཉེན་ཁ་འགོག་ནུས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད། མཚོ་བོད་ཚོགས་པ་ཀུང་སིས་ད་དུང“རིག་ལྡན་མཁའ་ལམ”བསྐྲུན་རྒྱུ་དང་ཟུང་འབྲེལ་གྱིས་ལམ་ཐིག་ཧྲིལ་པོར་མི་མེད་ས་ཚིགས་ཀྱི་དོ་དམ་བྱ་ཐབས་གསར་གཏོད་བྱས་ནས། བརྙན་ལམ་གྱི་གློག་མིག་དང་། རང་བྱུང་གནོད་འཚེ་ལྟ་ཞིབ་ཚད་ལེན། གངས་བཞུར་ཚོད་འཛིན་སོགས་རྒྱང་རིང་རིག་ནུས་ལྟ་སྐུལ་ཚོད་འཛིན་དང་དེ་བཞིན་རང་འགུལ་འཁོར་སྐྱོད་མ་ལག་ཕྱོགས་བསྡུས་ཐོག་སྤྱད་དེ་ཕྱོགས་ཚང་མར་གློག་མིག་བསྒར་ནས་མཚོ་བོད་ལྕགས་ལམ་གྱི་འཁྱག་སའི་ཁུལ་གྱི་འགྲོ་སྐྱོད་བདེ་འཇགས་དང་འཁོར་སྐྱོད་མྱུར་ཚད་འགན་ལེན་དེ་བས་ལེགས་པར་བྱས་ཡོད་པ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)