འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟབས་བདེའི་ཁང་པའི་ནང་གི་འཚོ་བ་གསར་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་02ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཅེ། ཚུལ་ཧན་ཁྲའོ། ཀྲུང་སི་རུད།
     དྲོད་འཇམ་ཉི་འོད་ཕྱོགས་བཅུར་འཕྲོས་པས། ས་གཞིའི་ཁྱོན་ལ་རིམ་གྱིས་ཚ་དྲོད་འཕེལ། 2023ལོའི་ཟླ་12ཚེས་29ཉིན། ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་ཧྲི་ཡོན་གྲོང་རྡལ་ཆིང་དབྱིན་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་ཀྱི་གྲལ་སྟར་འགྲིག་པའི་སྟབས་བདེའི་ཁང་པ་དཀར་པོ་མང་པོའི་ཐོག་ཁ་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། བཀོད་སྒྲིག་ས་ཚིགས་ཀྱི་སྒོ་རྩར་བྱིས་པ་མི་ཉུང་བ་ཞིག་མཆོང་སྟེགས་རྩེད་ཆས་སུ་འཕག་མཆོང་རྒྱག་བཞིན་ཡོད་པ་དང་། འཁྲིས་སུ་རྒན་འཁོགས་གཉིས་གསུམ་ཙམ་རུབ་རུབ་ཀྱིས་མིག་མངས་རྩེ་བཞིན་ཡོད་པ། ཡུལ་མི་འགས་ས་ཕག་དམར་པོའི་ལམ་ཆུང་འཕྱག་བཞིན་མཆིས།
     ཞ་ལི་ཧྲེ་གྲོང་ཚོའི་ཡུལ་མི་ལི་ཧྲེང་ཞུང་གི་སྡོད་སར་སྐྱོད་སྐབས། དྲོད་རླངས་བཏང་ནས་ཁང་པ་ཚ་ཆིལ་ལེར་གནས་པ་དང་མེ་ཐབ་ནས་མེ་དམར་ཧུར་རེར་འབར་ཞིང་། བཟའ་ཟླས་ཟླ་བ་ལྔ་ལ་སླེབས་པའི་ཚ་མོ་པང་དུ་བཏབ་ནས་ཉལ་ཁྲིའི་ཐོག་བསྡད་འདུག པང་གཅལ་སྟེང་འོ་མ་དང་། མེན་པའོ། བྱ་ཤའི་རྒྱུ་མ། ཏན་ཞིམ། གཏེར་ཆུ་སོགས་འཚོ་བའི་མཁོ་ཆས་མང་པོ་བཞག་ཡོད་པ་དང་། ཐབ་འགྲམ་གྱི་གྱང་ལྡེབས་སུ་དུ་ཞག་ཉེན་བརྡ་གཏོང་ཆས་བསྒར་འདུག 
     ས་ཡོམ་བརྒྱབ་ནས་ཁང་པ་བརྡིབས་རྗེས། གྲོང་ཚོའི་ལས་བྱེད་པས་ཚང་མའི་སྣེ་ཁྲིད་དེ་གྲོང་ཚོའི་ཐང་ཆེན་དུ་མེ་ཕུང་སྤར་ནས་མེ་སྲོ་བཞིན་དུ་གྲང་ངར་ཆེ་བའི་དགུན་ཁ་བསྐྱལ་ཚུལ་ལི་ཧྲེང་ཞུང་གི་བློ་ངོར་ད་དུང་ཡང་གསལ་ལེར་དྲན་བཞིན་ཡོད། ཁོང་གིས“དགོང་མོ་དེར་ཧ་ཅང་གྲང་མོ་བྱུང”ཞེས་བཤད་ཅིང་། ཚེས་19ཉིན་གྱི་ཆུ་ཚོད་གཉིས་པ་ཙམ་ལ། ལན་ཀྲོའུ་གྲོང་ཁྱེར་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སོགས་ས་གནས་ཀྱི་མེ་ཟོན་དང་དྲག་ཆས་ཉེན་རྟོག་སོགས་རོགས་སྐྱོབ་རུ་ཁག་འབྱོར་ནས་གྱང་རོའི་ཁྲོད་མི་འཚོལ་སྐྱོབ་ཀྱི་ལས་ལ་གཞོལ་བ་དང་། གནམ་སྐྱ་ཐང་བའི་སྐབས་རོགས་སྐྱོབ་རུ་ཁག་གིས་གུར་སྤྲོད་འགོ་བརྩམས་ནས་ཉིན་གུང་ལ་སླེབས་སྐབས་ཚང་མ་གནས་སར་འབྱོར་ཐུབ་ཡོད། ས་རུབ་ཉེའི་སྐབས་ཡུལ་མི་ཚང་མ་གུར་གྱི་ནང་དུ་སྡོད་རྒྱུ་བྱུང་བས། “ཐབ་དང་། ཉལ་ཁྲི་དང་། ཉལ་ཆས་ཙམ་ལས་མེད་ཀྱང་སེམས་པ་དྲོ་སོབ་སོབ་ཏུ་གྱུར་སོང”ཞེས་བཤད།
     གེགས་སེལ་དངོས་ཟོག་འབྱོར་བ་དང་སྟབས་བདེའི་ཁང་པ་བདེ་བླག་ངང་ཆིང་དབྱིན་གྲོང་ཚོར་བསྐྲུན་པ་དེས་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པ་བྱུང་ཞིང་། ཚེས་21ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་གཞུང་ལམ་བྱ་གཞག་འཕེལ་རྒྱས་ལྟེ་གནས་ཀྱི་ལས་དོན་པ་ཆིང་དབྱིན་གྲོང་ཚོར་འབྱོར་པ་དང་། དུས་ཡུན་ཆུ་ཚོད་བཞི་ཙམ་བར་མི་ཆད་པར་ལས་ཀ་བྱས་ནས་གྲོང་ཚོའི་གཞུང་ལམ་ཉེན་སེལ་རྒྱ་སྐྱེད་ཀྱི་ལས་དོན་བསྒྲུབས། ཚེས་22ཉིན་ཀན་སུའུ་ཡི་ཨར་སྐྲུན་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི་གཉིས་པས་སྒྲིག་འཛུགས་བྱས་པའི་མི་སྣ་དང་། འཕྲུལ་འཁོར། སྟབས་བདེའི་ཁང་པའི་སྒྲིག་ཆས་བཅས་སྔ་རྗེས་སུ་འབྱོར། ཚེས་23ཉིན་གྱི་ཆུ་ཚོད་གསུམ་པ་ཙམ་ལ། ཁག་དང་པོའི་སྟབས་བདེའི་ཁང་པ་ཁག་65བདེ་བླག་ངང་སྒྲིག་སྦྱོར་བྱས། ཚེས་25ཉིན་ཡུལ་མི་གཉེན་འཕྲད་དང་གྲོགས་པོའི་སར་འགྲོ་མཁན་ཕུད་དེ་བྱིངས་ཚང་མ་སྟབས་བདེའི་ཁང་པའི་ནང་སྤོས་པ་རེད།
     ཕ་ཡུལ་གཅིག་པའི་ལི་ཧྲེང་ཏུང་དང་ཁོང་གི་བཟའ་ཟླ་ལི་ཧྲེང་ཞུང་གི་འཁྲིས་སུ་སྡོད་ཀྱི་ཡོད། གསར་འགོད་པ་ཁང་པའི་ནང་སྐྱོད་སྐབས། ལི་ཧྲེང་ཏུང་གིས་ལག་ཏུ་ཕྱགས་མ་འཁྱེར་ནས་གད་ཕྱིས་བྱེད་བཞིན་ཡོད་པ་དང་། ཁྱིམ་དུ་བསྡུ་གསོག་གྲལ་འགྲིག་པོ་བརྒྱབ་འདུག མེ་ཟོན་རུ་མིའི་བུ་ཕྲུག་ཅིག་ཡིན་པའི་ལི་ཧྲེང་ཏུང་ཏ་ཧོ་ཅ་གྲོང་རྡལ་གྱི་རོགས་སྐྱོབ་བྱ་བར་ཞུགས་ཡོད། ཉིན་མང་པོ་ཕྱིན་ཡང་ཁོང་ད་རེས་ལམ་ཞོར་དུ་ཁྱིམ་ལ་ཡོང་ཐེངས་དང་པོ་རེད། “ཚང་མས་ང་ཚོར་རོགས་པ་བྱེད་ཀྱི་ཡོད་པས། ངས་ཀྱང་ཕྲུ་གུར་ཕ་ཡུལ་གཅིག་པར་རོགས་རམ་ཡག་པོ་བྱེད་དགོས་ཞེས་རྟག་ཏུ་རྗོད་ཀྱི་ཡོད”
     ཆིང་དབྱིན་གྲོང་ཚོ་འགན་གཙང་ལེན་མཁན་ཙུའུ་ཀྲང་ལིའུ་ཁྲུན་ཡུང་གིས་ད་རེས་ཀྱི་ས་ཡོམ་ནང་གྲོང་ཚོའི་མི་5རྐྱེན་ལམ་དུ་ཤོར་བ་དང་། མི་14ལ་རྨས་སྐྱོན་ཕོག་ཡོད། རྨས་མ་རྣམས་ཚེས་19ཉིན་གྱི་ཐོ་རེངས་སུ་སྨན་ཁང་ལ་སྨན་བཅོས་བྱེད་པར་བསྐྱལ་ཟིན། བཀོད་སྒྲིག་ས་ཚིགས་ཀྱི་གྲོང་མིའི་འཚོ་བར་སྔར་བས་འགན་སྲུང་བྱ་ཆེད། གྲོང་ཚོའི་ལས་བྱེད་པ་དང་། མི་དམངས་ཉེན་རྟོག་པ། མེ་ཟོན་རུ་མི་བཅས་ཀྱིས་ཉིན་ལྟར་རུ་ཁག་གསུམ་ལ་བགོས་ནས་འཚམས་འདྲི་དང་སྐོར་སྐྱོད་ཞིབ་བཤེར་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།
     བཀོད་སྒྲིག་ས་ཚིགས་ཀྱི་འགྲམ་དུ་གློག་ཤུགས་དང་། འཕྲིན་གཏོང་སོགས་ལས་རིགས་ཀྱི་ལས་དོན་པས་ལས་ཀ་བྱེད་བཞིན་ཡོད་ཅིང་། རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སི་ཀ་ཆུ་གློག་གཏོང་ཀུང་སིའི་སྐྱེལ་འདྲེན་ཞིབ་བཤེར་བ་ཝང་ཀྲེ་ཀྲོའུ་ཡིས་ས་གནས་ལ་གློག་འགན་སྲུང་གི་ལས་ཀ་གྲ་སྒྲིག་བྱས་ནས་གློག་སྤྱོད་བདེ་འཇགས་ཡོང་བར་བྱེད་ཀྱི་ཡོད་ཅེས་བཤད་པ་དང་། ཀྲུང་གོ་གློག་འཕྲིན་ཅི་ཧྲི་ཧྲན་ཡན་ལག་ཀུང་སིའི་གློག་སྐུད་ཉམས་བཟོ་བ་མཱ་ཞུའེ་ཆིང་གིས་བཀོད་སྒྲིག་ས་ཚིགས་སུ་དྲ་ཆེན་ཡོངས་སུ་ཁེབས་ཐུབ་པ་བྱུང་བ་དང་། ད་ལྟ་ལག་ཐོགས་ཁ་པར་གྱི་5Gབརྡ་རྟགས་ཡོངས་སུ་ཁེབས་ཐབས་བྱེད་བཞིན་ཡོད་ཅེས་བཤད།
     ཚེས་29ཉིན་གྱི་ཆུ་ཚོད་15ཙམ་ལ། ཅི་ཧྲི་ཧྲན་རྫོང་ཏ་ཧོ་ཅ་གྲོང་རྡལ་དང་། ཧྲི་ཡོན་གྲོང་རྡལ། ལིའུ་ཀོའུ་ཤང་། ལིའུ་ཅི་ཤང་བཅས་གེགས་བར་ཚབས་ཆེན་བྱུང་བའི་ཤང་དང་གྲོང་རྡལ་4ལ་སྟབས་བདེའི་ཁང་པ་ཁག་15812བརྒྱབ་པ་དང་། གེགས་བར་ཚབས་ཆེན་བྱུང་བའི་ཤང་དང་གྲོང་རྡལ་4ཡི་བཀོད་སྒྲིག་བྱེད་དགོས་ངེས་ཀྱི་མང་ཚོགས་དྲོད་དང་། གསང་སྤྱོད། ཆུ། གློག དྲ་བ་བཅས་ཚང་མ་འཛོམས་པའི་སྟབས་བདེའི་ཁང་པར་སྤོ་རུ་བཅུག་ནས་གེགས་བར་བྱུང་བའི་མང་ཚོགས་འཕྲལ་སྡོམ་གྱི་གནས་སྐབས་བཀོད་སྒྲིག་ས་ཚིགས་ནས་གཏན་འཇགས་ཀྱི་བར་བརྒལ་བཀོད་སྒྲིག་ས་ཚིགས་སུ་སྤོ་བའི་དམིགས་ཡུལ་སྤྱིར་ན་འགྲུབ་ཡོད།
     ཚེས་29ཉིན་གྱི་ཆུ་ཚོད་19ཙམ་ལ། ས་གནས་དེ་གས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། 2024ལོའི་ཟླ་1ཚེས་15ཉིན་གོང་། གནོད་འཚེ་ཕོག་ཁུལ་གྱི་གྲོང་མིའི་སྡོད་ཁང་དང་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་ས་ཆ་འདེམས་པའི་ལས་དོན་བསྒྲུབས་ཚར་བ་བྱས་ཏེ་2024ལོའི་ཟླ་བཅུ་པའི་གོང་གྲོང་མིའི་སྡོད་ཁང་བསྐྲུན་ནས་སྡོད་ཐུབ་པ་བྱ་རྒྱུ་ཡིན་ལུགས་ཁ་གསལ་བསྟན་ཡོད། (པ་སངས་ཚེ་རིང་གིས་བསྒྱུར། དམ་ཆོས་མི་ཕམ་དང་པ་ཚེས་ཞུས)