འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གེགས་ཁུལ་གྱི་བཀོད་སྒྲིག་བདེ་འཇགས་དང་གོ་རིམ་ལྡན་པ།

མང་ཚོགས་ཀྱི་འཚོ་བ་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 01ཚེས་02ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
   2023ལོའི་ཟླ་12ཚེས་30ཉིན་ཀན་སུའུ་ཡི་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱེད་འགོ་བཙུགས་ནས་ཉིན་12སོང་ཞིང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་བཀོད་སྒྲིག་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བ་བརྒྱུད། མང་ཚོགས་ཀྱི་འཚོ་བ་རྒྱུན་གཏན་ལྟར་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད།
    2023ལོའི་ཟླ་12ཚེས་30ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཅིན་ཐེན་གྲོང་ཚོའི་རོགས་སྐྱོབ་བྱ་ཡུལ་དུ་མུ་མཐུད་འཚོལ་སྐྱོབ་བྱེད་བཞིན་ཡོད་ཅིང་། གསར་འགོད་པས་ཤེས་རྟོགས་བྱུང་བར། ཚེས་30ཉིན་བར་ས་ཡོམ་ནང་མཚོ་ཤར་གྲོང་ཁྱེར་གྱི་མི་32རྐྱེན་ལམ་དུ་ཤོར་བ་དང་མི་2དང་འབྲེལ་བ་ཆད་ཡོད།
    གསར་འགོད་པས་ཅི་ཧྲི་ཧྲན་རྫོང་ཧྲི་ཡོན་གྲོང་རྡལ་ཧྲེན་ཅ་ཕིང་གྲོང་ཚོ་ནས་བཀོད་སྒྲིག་བྱ་ཡུལ་དུ་འཚོ་བ་གོ་རིམ་ལྡན་པའི་ངང་སྐྱེལ་ཞིང་། ལས་དོན་མི་སྣས་སྡོད་ཁང་གི་གནས་ཚུལ་མཐིལ་རྟོགས་བྱས་ནས་གོམ་སྟབས་རྗེས་མར་རྙིང་བཤིག་ཉེན་སེལ་གྱི་ལས་དོན་སྒྲུབ་བདེ་པོ་ཡོང་བ་བྱེད་པ་དང་ཆབས་ཅིག བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་ཚོའི་ལས་བྱེད་པ་དང་ཀན་སུའུ་ཞིང་ཆེན་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་མང་ཚོགས་ལ་ཁྱིམ་ཆས་སོགས་ཆག་སྐྱོན་བྱུང་མེད་པའི་ཅ་དངོས་རང་འགུལ་ངང་འདོན་རོགས་དང་དབོར་རོགས་བྱེད་པ་མཐོང་བྱུང་།
   “ང་ཚོས་དུད་ཚང་རེ་རེ་བཞིན་གྲལ་བཤེར་བྱེད་བཞིན་ཡོད། དེ་ནས་ཉེན་ཁ་ཆེ་བའི་ཁང་པ་བཤིག་རྒྱུ་དང་ཉམས་ཆག་བྱུང་བའི་ཁང་པ་ཉམས་གསོ་བྱེད་རྒྱུ་ཡིན”ཞེས་དང་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། བཀོད་སྒྲིག་བྱ་ཡུལ་གྱི་ལས་བྱེད་པས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྲིད་ཇུས་གསལ་བཤད་ཐེངས་མང་བྱས་པ་མ་ཟད། ད་དུང་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་ཚབས་ཆུང་དུ་གཏོང་གང་ཐུབ་བྱས་ཡོད་ཅེས་ཧྲེན་ཅ་ཕིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚའོ་ཧོའེ་ཤིང་གིས་ངོ་སྤྲོད་བྱས་བྱུང་།
    གསར་འགོད་པས་ཤེས་རྟོགས་བྱུང་བར། 2023ལོའི་12ཚེས་29ཉིན་བར་ཀ་ཆུ་ཀྲོའུ་ཡིས《ཅི་ཧྲི་ཧྲན་རྫོང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་དོ་དམ་ལས་ཀའི་ཚད་གཞི》བཟོས་པའི་ཁར། གནས་སྐབས་ཏང་ཀྲི་པུའུ་125དང་དང་བླངས་ཞབས་ཞུ་རུ་ཁག་145ལ་བརྟེན་ནས་བཀོད་སྒྲིག་བྱ་ཡུལ་ལ་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རྒྱུན་དུ་སྐོར་གཡེང་དང་དུད་ཚང་ལ་འཚམས་འདྲིར་སྐྱོད་པ། བདེ་འཇགས་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ། གློག་མེ་རླངས་གསུམ་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བཅས་བྱས་ནས་བཀོད་སྒྲིག་བྱ་ཡུལ་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ཡོད།
    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་པའེ་ཀྲོང་གྲོང་རྡལ་པའེ་ཀྲོང་གྲོང་ཚོ་གནས་སྤོས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་སྟབས་བདེའི་ཁང་པ་ཁང་མིག་40གྲལ་སྟར་འགྲིག་པོར་བསྒྲིགས་ཡོད། དུ་ཁུང་ནས་དུ་བ་ལང་ལོང་དུ་འཕྱུར་བ་དང་ས་སྟོང་དུ་ད་དུང་རྡོ་སོལ་མི་ཉུང་བ་སྤུངས་ནས་བཞག་ཡོད། གསར་འགོད་པས་སྟབས་བདེའི་ཁང་པའི་ནང་འབྲས་དང་། གྲོ་ཞིབ། སྣུམ་སོགས་གཞི་རྩའི་འཚོ་བའི་དངོས་རྫས་ཡོད་ཅིང་། སྟབས་བདེའི་ཁང་པ་ཚང་མའི་ནང་ཐབ་རེ་ཡོད་པ་དང་ཁང་པ་ལ་ལའི་ནང་ཁ་ལག་བཟོ་བཞིན་པ་མཐོང་བྱུང་།
   “གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་40ཡི་མི་194ཚང་མ་སྟབས་བདེའི་ཁང་པའི་ནང་སྤོས་ཡོད་མོད། འོན་ཀྱང་ང་ཚོའི་ལས་དོན་སྤེལ་མཇུག་ད་དུང་འགྲིལ་མེད། གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བས་ངེས་པར་དུ་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱེད་དགོས”ཞེས་པའེ་ཀྲོང་གྲོང་ཚོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་བཅའ་སྡོད་ལས་བྱེད་པ་ཞུན་ཧྭ་རྫོང་གི་རྫོང་དཔོན་གཞོན་པ་རྡོ་པས་བཤད།
   གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱི་ཡོམ་ཁུལ་དུ་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་དངོས་རྫས་འདང་ངེས་ཡོད་ཅིང་། ས་ཁུལ་ཁག་གཅིག་གི་སྟབས་བདེའི་ཁང་པར་རིན་མེད་དྲ་རྒྱ་ཁྲིད་དེ། སློབ་མ་ཚོར་དྲ་ཐོག་སློབ་ཚན་ཚོགས་པ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད།
   2023ལོའི་ཟླ་12ཚེས་30ཉིན་ཅི་ཧྲི་ཧྲན་རྫོང་གི་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཁག་མཇུག་ཤོས་595ཡིས་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་སློབ་གྲྭར་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཅི་ཧྲི་ཧྲན་རྫོང་དུ་ཅི་ཧྲི་སློབ་འབྲིང་དང་། ཅི་ཧྲི་ཧྲན་རྫོང་མི་རིགས་སློབ་འབྲིང་། ཏ་ཧོ་ཅ་སློབ་འབྲིང་བཅས་མཐོ་རིམ་སློབ་འབྲིང་གསུམ་དང་མཐོ་འབྲིང་ལོ་རིམ་གསུམ་པར་སློབ་མ་ཁྱོན་1498ཡོད། ཅི་ཧྲི་ཧྲན་རྫོང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚང་མ་ཡུལ་གཞན་གྱི་བཀོད་སྒྲིག་སློབ་གྲྭ་སྟེ་ཀ་ཆུ་ཀྲོའུ་ཡི་ལས་རིགས་ལག་རྩལ་སློབ་གྲྭར་སློབ་ཚན་སླར་ཡང་ཚུགས་པར་བསྐྱོད་ཡོད།
   གསར་འགོད་པས་ཅི་ཧྲི་ཧྲན་རྫོང་གྲོང་ནས་རིགས་ཁག་གི་ཚོང་ཁང་དང་ཟ་ཁང་སོགས་ལས་གཉེར་བྱ་ཡུལ་མང་ཆེ་བར་ཚོང་གཉེར་སླར་གསོ་ཟིན་ཏེ། འཚོ་བའི་སྒྲིག་ལམ་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་ཡོང་བཞིན་ཡོད་པ་མཐོང་བྱུང་། 2023ལོའི་ཟླ་12ཚེས་29ཉིན་བར་ཏ་ཧོ་ཅ་གྲོང་རྡལ་ཕུད་ཤང་དང་གྲོང་རྡལ་ཁག་གི་གཉེར་སྐྱོང་བྱེད་པོའི་ལས་འགོ་བསྐྱར་དུ་ཚུགས་ཚད་བཅུ་ཆ་དགུ་ཡན་ཟིན་ཡོད་པ་རེད།