འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདིས་ལྐོག་རྔན་བླངས་པའི་གྱོད་གཞི་འདྲི་གཅོད་བྱེད་འགོ་ཚུགས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་29ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2023ལོའི་ཟླ་12ཚེས་28ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་ཐེངས་དང་པོ་ཡོངས་བསྒྲགས་ཀྱི་ཁྲིམས་ས་འཚོགས་ནས། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཟུར་པ་ཁྲེན་རུའུ་ཀུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་འདྲི་ཞིབ་བྱས་པ་རེད།
   ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2003ལོ་ནས་2022ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཁྲེན་རུའུ་ཀུའེ་ཡིས་ཀོང་ཀྲོའུ་གྲོང་ཁྱེར་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་དང་། གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀོང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཆེ། ཀོང་ཀྲོའུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཀོང་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲུང་ཧྲན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲེན་ཀྲེན་གྲོང་སྤྱིའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན། ཀོང་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ་སོགས་ཀྱི་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་དང་དེ་བཞིན་འགན་དབང་དང་གོ་གནས་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། འབྲེལ་ཡོད་ཚན་པ་དང་སྒེར་པར་ལས་གྲྭའི་འགན་གཙང་ལེན་དང་། རྣམ་གྲངས་ལ་སྐུལ་འདེད། ཁེ་ལས་གཉེར་སྐྱོང་སོགས་ཀྱི་ཐད་རོགས་རམ་བྱས་པར་གཉེན་ཉེ་དང་གྲོགས་པོས་ཁྲིམས་འགལ་ངང་འབྲེལ་ཡོད་ཚན་པ་དང་སྒེར་གྱིས་སྤྲད་པའི་རྒྱུ་དངོས་བླངས་ནས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.08ལྷག་ཙམ་ཟིན་ཡོད་པ་རེད། ལྐོག་རྔན་ལེན་པའི་ཉེས་པ་བསགས་པར་དམིགས་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲེན་རུའུ་ཀུའེ་ཡི་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུའི་རེ་བ་བཏོན་ཡོད།
   ཁྲིམས་སའི་འདྲི་གཅོད་ནང་། གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་བ་ཁྲེན་རུའུ་ཀུའེ་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་ཡོད་ཅིང་། རྩོད་བཤེར་ཚོད་འཛིན་བྱེད་མཁན་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་ཡོད། ཁྲེན་རུའུ་ཀུའེ་ཡིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད་ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་འཇོག་རྒྱུ་དང་། དུས་བསྟུན་ཐོག་དཔྱད་མཚམས་ཡོངས་བསྒྲགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་དང་དེ་བཞིན་ལས་རིགས་ཁག་གི་མང་ཚོགས་30ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད།