འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རས་གུར་ཚང་མར་རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་མཚོན་པའི་དངོས་ཟོག་གིས་ཁེངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་29ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཅི་ཧྲི་ཧྲན་རྫོང་བཟོ་འཕྲིན་ཅུས་ཀྱི་ཅུས་ཀྲང་མཱ་ཞོལ་ཅུན་གྱིས་བརྗོད་དོན།
    ས་ཡོམ་བརྒྱབ་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། སྤྱི་ཚོགས་ལས་རིགས་ཁག གཅེས་སེམས་ཁེ་ལས། གཅེས་སེམས་མི་སྣ་བཅས་ཀྱིས་རོགས་སྐྱོར་བྱས་པའི་དངོས་ཟོག་སྣ་ཁ་བརྒྱ་གྲངས་ཁ་ཤས་ཟིན་པ་མ་ཟད། འཕྲལ་སྡོམ་དང་ལེན་བྱེད་ཚད་ཀྱང་མྱུར་པོ་འདུག གཅེས་སེམས་དངོས་ཟོག་འདི་དག་རས་གུར་རེ་རེར་བསྐྱལ་ནས་དགུན་གཞུང་སྐྱེལ་བའི་མེ་ཕུང་ལྟ་བུར་གྱུར་ཏེ་གེགས་ཁུལ་གྱི་དུད་ཚང་ཚང་མར་དྲོ་སྐྱིད་སྦྱིན་ཡོད།
   ཤིན་ཧྭ་གསར་འགྱུར་ཁང་ཀན་སུའུ་ཅི་ཧྲི་ཧྲན་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་ཉིན་དགུང་། དགུན་ཁའི་ཉི་འོད་དྲོ་སོབ་སོབ་ཏུ་འཕྲོས་པ་དང་སྦྲགས་གྲང་ངད་ཀྱི་ངར་ཤུགས་ཀྱང་ཅུང་ཟད་ཆག ཏཱ་ཧོ་ཅཱ་གྲོང་རྡལ་ཏཱ་ཧོ་གྲོང་ཚོའི་ཐང་ཆེན་དུ་གྲོང་ཚོ་དེ་རང་དང་ཉེ་འཁོར་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་2000ལྷག་ཙམ་བཀོད་སྒྲིག་བྱས་ཡོད་པ་དེ་ནི་ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་ཀན་སུའུ་གེགས་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་གྲས་ཤིག་རེད། བཀོད་སྒྲིག་བྱ་ཡུལ་དུ་རས་གུར་གྲལ་སྟར་སྒྲིག་ནས་ཕུབ་ཅིང་། གཅེས་སེམས་འཐེན་ཐུག་ཁྲོམ་བཀྱག་དང་། སེམས་གསོའི་སློབ་གྲྭ དངོས་ཟོག་བགོ་ས་བཅས་ཀྱི་མདུན་དུ་འདུ་འཛི་ཆེ།
   རས་གུར་ཞིག་ཏུ་འཛུལ་སྐབས། ཐབ་སྟེང་གི་ཧུའུ་ནས་རླངས་པ་ཐུལ་ལེ་བ་འཕྱུར་ཞིང་། ཕྱོགས་བཞིར་ཉལ་ཁྲི་བདུན་བརྒྱབ་པའི་སྟེང་དུ་མལ་གདན་དང་དྲོད་གདན་བཏིང་ཡོད་པ་དང་། ཉལ་ཁྲིའི་འོག་ཏུ་ལྷམ་གསར་རྐྱང་ཆ་འགའ་བཞག་འདུག ལོ་17ལ་སླེབས་པའི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་མཱ་རུའེ་ཉལ་ཁྲིའི་ཟུར་དུ་སློབ་སྦྱོང་བྱེད་བཞིན་པ་དང་། ཟུར་དུ་སྟབས་བདེའི་ཐུག་པ་དང་། གཏེར་ཆུ། རྡོ་སོལ་སོགས་འཚོ་བའི་མཁོ་ཆས་བསྒྲིགས་ཡོད།
   “བཅིངས་འགྲོལ་དམག་དང་། སྤྱི་བདེ། མེ་ཟོན། དང་བླངས་པ་བཅས་ཀྱིས་ས་ཡོམ་བརྒྱབ་པའི་ཉིན་གཉིས་པ་རང་ལ་རས་གུར་བརྒྱབ་སོང་། ཨ་ཁུའི་ནང་མི་དང་ང་ཚོའི་ནང་མི་བསྡོམས་པའི་མི་7གུར་གཅིག་ཏུ་སྡོད་ཀྱི་ཡོད། ད་ལྟ་ཚང་མ་བཀོད་སྒྲིག་བྱ་ཡུལ་དུ་དངོས་ཟོག་དབོར་བ་དང་གཙང་སྦྲ་བྱེད་རོགས་ལ་ཕྱིན་སོང”ཞེས་མཱ་རུའེ་ཡིས་བཤད།
   གསར་འགོད་པས“མཁོ་ཆས་འདང་ངེས་འདུག་གམ”ཞེས་དྲིས་པ་ན། “ཉིན་ལྟར་སྤྲོད་ཀྱི་འདུག་པས་འདང་བ་འདུག བཟའ་བཅའ་སོགས་མང་པོ་ཞིག་ཞིང་ཆེན་མང་པོ་ནས་དབོར་ཡོང་བ་རེད་འདུག་ལ་ཁ་ཤས་ཤིག་ནི་རྣམ་ཀུན་ཉོ་མི་ཕོད་པ་ཤ་སྟག་རེད། ངས་དངོས་ཟོག་དབོར་རོགས་བྱེད་སྐབས་ས་གནས་ག་ཚོད་ནས་རོགས་སྐྱོར་བྱས་ཡོད་མེད་ཆེད་མངགས་རྩིས་བརྒྱབ་པ་ཡིན། འོན་ཀྱང་རྩིས་ཐེངས་ཁ་ཤས་བརྒྱབ་རུང་ཐེབས་ཀྱི་མི་འདུག”ཅེས་མཱ་རུའེ་ཡིས་བཤད།
   སྐབས་དེར། ཏཱ་ཧོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཱ་ཁྲེང་ཀྲུང་རས་གུར་རེ་རེ་བཞིན་ལ་མེ་ཟོན་གྱི་གནས་ཚུལ་ལྟ་བར་ཡོང་བ་དང་སྐབས་འཁེལ་ཞིང་། ཁོང་གིས་ནང་ལོགས་སུ་འཛུལ་ནས“ཁྱེད་ཚོ་ཕྲུ་གུ་ཚོས་གཅེས་སེམས་འདི་དག་བརྗེད་མི་རུང”ཞེས་བཤད།
   “རས་གུར་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་བསྐྱལ་བ་དང་། ཉལ་ཁྲི་ཧྲན་ཏུང་ནས་བསྐྱལ་བ་རེད”ཅེས་མཱ་ཁྲེང་ཀྲུང་གིས་ལག་པས་དྲོད་གདན་གྱི་དྲོད་ཚད་ལ་བལྟས་ནས་མུ་མཐུད“དྲོད་གདན་མཚོ་སྔོན་ནས་བསྐྱལ་བ་དང་། སྟབས་བདེའི་ཐུག་པ་བོད་ལྗོངས་ནས་བསྐྱལ་བ་རེད”ཅེས་ངོ་སྤྲོད་བྱས།
   ཁོང་གིས་སྔས་འགོར་བཞག་པའི་ཆམ་པའི་སྨན་ཤོག་སྒམ་འགར་མཛུབ་མོ་བཙུགས་ཏེ“སྨན་འདི་ཚོ་པེ་ཅིང་དང་། ཅང་སུའུ། ཀྲེ་ཅང་། ཀོང་ཏུང་ནས་བསྐྱལ་བ་རེད”ཅེས་བཤད།
   དེའི་རིང་། མཱ་རུའེ་ཡི་ཨ་མ་ཧན་རེ་ཧེ་མའེ་གུར་ནང་འཛུལ་འོང་། ཁོ་མོ་ནི་ཏཱ་ཧོ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་ཞིང་། ཉིན་ཤས་རིང་ཏཱ་ཧོ་གྲོང་ཚོར་བཅའ་སྡོད་དུ་ཡོང་བའི་སེམས་ཁམས་རོགས་སྐྱོབ་རུ་ཁག་ལ་རོགས་རམ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་། ལྷག་པར་དུ། བྱིས་པ་དང་བུད་མེད་ལ་སེམས་གསོ་གཏོང་གི་ཡོད། སྐབས་དེ་དུས་ཕྱི་དྲོའི་ཆུ་ཚོད་དང་པོ་ཡོལ་ཙམ་ཡིན་པས་ཧན་རེ་ཧེ་མའེ་ཡིས་གུང་ཟས་ཕོར་པ་འགའ་འཁྱེར་ཡོང་།
   མཱ་ཁྲེང་ཀྲུང་གིས་ཕོར་པ་གཅིག་བླངས་ནས“གེགས་བར་ཆེན་པོ་ཐོན་ནའང་ཡུལ་མི་སྤུན་ཟླ་ཚོར་ལྟོ་དུས་གཅིག་ཀྱང་ཆད་མེད། བཀའ་དྲིན་འདི་ནི་དངོས་གནས་མཚོ་ལས་ཟབ”ཅེས་མགྲིན་པ་རྣོང་བཞིན་བཤད།
   ཧན་རེ་ཧེ་མའེ་ཡིས“དམངས་སེམས་གཅིག་སྒྲིལ་དང་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་ཅེས་པ་ནི་འདི་འདྲ་རེད། མ་གཞི་གེགས་བར་ཆེན་པོ་ཐོན་ཡང་རྒྱལ་ཡོངས་གོང་འོག་ཚང་མས་རྒྱབ་སྐྱོར་བྱས་པས་སྡུག་རུས་མ་ཐུབ་པའི་དཀའ་ངལ་མེད”ཅེས་བུ་ལ་བཤད།
   ཅི་ཧྲི་ཧྲན་རྫོང་བཟོ་འཕྲིན་ཅུས་ཀྱི་ཅུས་ཀྲང་མཱ་ཞོལ་ཅུན་གྱིས། ས་ཡོམ་བརྒྱབ་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། སྤྱི་ཚོགས་ལས་རིགས་ཁག གཅེས་སེམས་ཁེ་ལས། གཅེས་སེམས་མི་སྣ་བཅས་ཀྱིས་རོགས་སྐྱོར་བྱས་པའི་དངོས་ཟོག་སྣ་ཁ་བརྒྱ་གྲངས་ཁ་ཤས་ཟིན་པ་མ་ཟད། འཕྲལ་སྡོམ་དང་ལེན་བྱེད་ཚད་ཀྱང་མྱུར་པོ་འདུག གཅེས་སེམས་དངོས་ཟོག་འདི་དག་རས་གུར་རེ་རེར་བསྐྱལ་ནས་དགུན་གཞུང་སྐྱེལ་བའི་མེ་ཕུང་ལྟ་བུར་གྱུར་ཏེ་གེགས་ཁུལ་གྱི་དུད་ཚང་ཚང་མར་དྲོ་སྐྱིད་སྦྱིན་ཡོད་ཅེས་ངོ་སྤྲོད་བྱས།
   དེ་ཉིན། སྤྱི་ལེ་2000ལྷག་ཙམ་གྱིས་ཆོད་པའི་ས་ནས་ཧྲང་ཧའེ་གྲོང་ཁྱེར་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱི་གེགས་སེལ་དངོས་ཟོག་ཁག་གསུམ་པ་བླུགས་པའི་རླངས་འཁོར་ཅི་ཧྲི་ཧྲན་ཕྱོགས་སུ་ཐོན་པ་རེད།
   རས་གུར་དུ། མཱ་རུའེ་ཡིས་ཟ་མ་བཟས་རྗེས་མུ་མཐུད་སློབ་སྦྱོང་ལ་འབད་ནས་དུས་སང་སློབ་ཆེན་ཡག་པོ་ཞིག་ལ་རྒྱུགས་འཕྲོད་པའི་རེ་བ་འཆང་བཞིན་མཆིས།