འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཚོ་བའི་དངོས་ཟོག་རྒྱུན་གཏན་ལྟར་འགན་ལེན་བྱས་ཏེ་སླར་གསོ་བསྐྱར་སྐྲུན་ལས་དོན་གོ་རིམ་
ལྡན་པའི་ངང་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་28ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
   ཤིན་ཧྭ་གསར་འགྱུར་ཁང་ཀན་སུའུ་ཅི་ཧྲི་ཧྲན་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ནི་ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་གེགས་རྗེས་རོགས་སྐྱོར་དང་བཀོད་སྒྲིག་བྱེད་པའི་ཉིན་8རེད། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་པོའི་གནོད་འཚེ་ཕོག་པའི་ས་ཁུལ་དུ་འཚོ་བའི་དངོས་ཟོག་རྒྱུན་གཏན་ལྟར་འགན་ལེན་བྱས་ཏེ། སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
   ཚེས་26ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་ཅིན་ཐེན་གྲོང་ཚོའི་རོགས་སྐྱོབ་བྱ་ཡུལ་ནས། རྐོ་འདྲུ་འཕྲུལ་འཁོར་དང་འདམ་རྫབ་དབོར་མཁན་རླངས་འཁོར་ཕར་འགྲོ་ཚུར་འོང་གིས་ལས་ཀ་ཚ་ཚ་འུར་འུར་བྱེད་བཞིན་པ་མཐོང་བྱུང་། ཚེས་26ཉིན་བར་ས་ཡོམ་གྱིས་རྐྱེན་པས་མཚོ་ཤར་གྲོང་ཁྱེར་གྱི་མི་32རྐྱེན་ལམ་དུ་ཤོར་བ་དང་མི་2འབྲེལ་བ་ཆད་ཅིང་། མིག་སྔར་སྔར་བཞིན་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
   བཀོད་སྒྲིག་བྱ་ཡུལ་ཁག་ཏུ་མང་ཚོགས་མང་པོ་ཞིག་འཕྲལ་སྡོམ་བཀོད་སྒྲིག་རས་གུར་ནས་སྤོ་བདེའི་ཁང་པར་སྤོས་ཟིན་པ་དང་། རོགས་སྐྱོབ་དངོས་ཟོག་སྣ་ཚོགས་མཁོ་སྤྲོད་གདང་ངེས་ཡོད་པ་དང་བཅར་འདྲི་བྱ་ཡུལ་མང་ཚོགས་ཀྱིས་འཚོ་བའི་དངོས་ཟོག་དེ་དག་གིས་མིག་སྔའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་འདུག་ཅེས་བརྗོད།
   གསར་འགོད་པས་ཀན་སུའུ་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། ཚེས་26ཉིན་གྱི་ཆུ་ཚོད་9པའི་བར་རིམ་ཁག་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་སྡེ་ཚན་གྱིས་མལ་ཆས་དང་། ཉལ་ཁྲི། གུར་སོགས་ཁྱོན་ཅ་ལག་ཁག་236339ཆ་ཚང་གེགས་ཁུལ་དུ་དབོར་ཟིན་པ་རེད།
   ཀན་སུའུ་ཡི་རྨས་མ་ཁག་གཅིག་སྨན་བཅོས་བྱས་རྗེས་སྔ་རྗེས་སུ་སྨན་ཁང་ནས་དོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་26ཉིན་གྱི་ཆུ་ཚོད་8པའི་བར་སྨན་བཅོས་སྒྲིག་གཞིས་ཁྱོན་ཅི་ཧྲི་ཧྲན་ས་ཡོམ་ཁྲོད་ཀྱི་རྨས་མ་784ལ་སྨན་བཅོས་བྱས་པ་དང་མིག་སྔར་མི་553སྨན་ཁང་ནས་དོན་ཟིན་པ་རེད། ཀན་སུའུ་ཞིང་ཆེན་གྱིས་སྐོར་སྐྱོད་སྨན་བཅོས་རུ་ཁག་25བཙུགས་ནས་སྐོར་སྐྱོད་སྨན་བཅོས་དང་། སྨན་རྫས་གཤམ་སྤྲོད། བདེ་ཐང་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད།
   ཁྱིམ་གཞིས་བསྐྱར་སྐྲུན་ནི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་བྱེད་ས་ཞིག་ཡིན་པས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་མིག་སྔར་སྤྱི་འདོམས་འཆར་འགོད་བྱེད་བཞིན་ཡོད་པ། ཀན་སུའུ་ཞིང་ཆེན་གྱིས་ཚེས་25ཉིན་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་གི་ས་ཡོམ་རིམ་པ་6.2ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མཐུན་སྦྱོར་མཛུབ་ཁྲིད་ཚོགས་ཆུང་དངོས་སུ་བཙུགས་ཤིང་། གསར་འགོད་པས་ཤེས་རྟོགས་བྱུང་གསལ། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཐད་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་གཙོ་གནད་ལས་དོན་དོན་འཁྱོལ་ལ་དམ་འཛིན་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་ཐད་ནས་མཉམ་དུ་འབད་བརྩོན་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་རྒྱུ་ཡིན་པ་རེད།