འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་མཚོ་བྱང་གི་ཕྱི་ཕྱོགས་ཉོ་ཚོང་གི་དཔལ་འབྱོར་ཐད་ཕྱིར་གཏོང་ལ་ཚད་བརྒལ་གསར་པ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་26ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་12ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་འགག་སྒོ་ལས་ཁུངས་ཀྱི་མཛུབ་ཁྲིད་དང་ལྟ་འདོམས་འོག་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གི་ལེ་བརྒྱའི་མེ་ཏོག་སྦྲང་ལས་ཚད་ཡོད་ཀུང་སིའི་རིན་ཐང་ཨ་སྒོར་16500ཟིན་པའི་སྦྲང་རྩི་གནམ་གྲུས་རི་པིན་དུ་དབོར་བ་དང་། དེ་ལས་མཚོ་བྱང་ཀྲོའུ་ལ་2021ལོ་ནས་བཟུང་ནང་འདྲེན་ལ་ཚད་བརྒལ་གསར་པ་བྱུང་རྗེས་སླར་ཡང་ཕྱིར་གཏོང་ལ་ཚད་བརྒལ་གསར་པ་བྱུང་སྟེ་མཚོ་བྱང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་པ་མཚོན་ཡོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། འཇུ་ལག་ལེ་བརྒྱའི་མེ་ཏོག་སྦྲང་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྦྲང་རྩི་རྒྱལ་ཁབ་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”དང་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་དང་མཐུན་ཞིང་། ཀན་སུའུ་དང་། ཧྲའན་ཤིས། པེ་ཅིང་། ཧྲན་ཏུང་སོགས་ས་ཆ་མང་པོར་ཚབ་ཚོང་ཁང་དང་བརྒྱུད་འཚོང་ཁང་བཙུགས་ཡོད་པ་དང་འབྲེལ། ཟི་ལིང་ཝང་ཕུའུ་ཅིང་དང་། པེ་ཅིང་ཧྭ་ལེན། ཏ་པའེ་ཚོགས་པ་སོགས་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་། གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་སྐར་ཁུང་ཚན་པའི་དབར་ཡུན་རིང་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད་པ་རེད། འདི་ལོ། མཚོ་ནུབ་འགག་སྒོའི་རྒྱབ་སྐྱོར་ཤུགས་ཆེན་དང་མཚོ་བྱང་ཀྲོའུ་བཟོ་ལས་ཚོང་དོན་སྡེ་ཚན་གྱི་ཁྲིད་སྟོན་དང་རོགས་སྐྱོར་འོག་འཇུ་ལག་ལེ་བརྒྱའི་མེ་ཏོག་སྦྲང་ལས་ཚད་ཡོད་ཀུང་སི“མཚོ་བྱང་གི་ཕུལ་བྱུང་ཐོན་རྫས་ཕྱི་རྒྱལ་ལ་ཕྱིར་གཏོང་བྱེད་པའི”འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་སྒོ་མོ་གསར་པ་ཞིག་ཕྱེ་བ་དང་། དེ་ལས་མཚོ་བྱང་གི“ཐོན་རྫས་གྲགས་ཅན་ལ”ལེགས་ཆ་གསར་པ་དང་ཁྲོམ་ར་གསར་པ་བཏོད་དེ་མཚོ་བྱང་ཀྲོའུ་ཡི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ལ“སྒུལ་ཤུགས་ཆེན་པོ”བསྣན་པ་མ་ཟད། མཚོ་བྱང་ཀྲོའུ་ཡིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཁུལ་བཙུགས་ནས་རྒྱལ་སྤྱིའི་ཁྲོམ་རར་འདོན་པར་སྣེ་ཁྲིད་བྱས་པའི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་ཞིག་ཀྱང་མཚོན་ཡོད་པ་རེད།