འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གེགས་ཁུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་སྒྲོལ་བཀོད་སྒྲིག་དང་
གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་25ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གེགས་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་སྒྲོལ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཆང་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་ཏ་ཧོ་ཅ་གྲོང་རྡལ་ཏ་ཧོ་གྲོང་ཚོ་དང་། ཁྲེན་ཅ་གྲོང་ཚོ། མེ་ཕོ་གྲོང་ཚོ། དེ་བཞིན་མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་ཀྲུང་ཁྲོན་ཤང་ཚའོ་ཐན་གྲོང་ཚོ་དང་མེ་དབྱི་གྲོང་ཚོ་བཅས་ལ་ཕེབས་ནས། གནོད་འཚེ་ཕོག་ཁུལ་དུ་གཟིགས་ཞིབ་གནང་བ་དང་། བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་སྤེལ་རེས་གནང་སྟེ་ས་གནས་དེ་གའི་ལས་བྱེད་པའི་ས་ནས་མང་ཚོགས་བཀོད་སྒྲིག་དང་། དངོས་ཟོག་འགན་ལེན། སྟབས་བདེའི་ཁང་པ་སྐྲུན་པ་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
     ལི་ཆང་གིས་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་ཡོམ་འགོག་གེགས་སེལ་ས་གནས་བཀོད་འདོམས་པུའི་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་དང་འབྲེལ་ཡོད་ཕྱོགས་ཀྱི་ལས་དོན་སྙན་སེང་གསན་པ་དང་། དུས་མཚམས་གོང་མའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱེད་པ་ནི་མིག་སྔའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། དུས་ཚོད་ལ་དམ་འཛིན་བྱས་ནས་གེགས་སེལ་དངོས་ཟོག་དང་འཚོ་བའི་མཁོ་ཆས་འཕྲལ་མར་བཀོད་སྒྲིག་བྱ་ཡུལ་དང་མང་ཚོགས་ཀྱི་ལག་ཏུ་འཕྲོད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་སྟབས་བདེའི་ཁང་པ་བསྐྲུན་ཏེ་མིག་སྔར་གུར་དུ་བཀོད་སྒྲིག་བྱས་པའི་གནོད་འཚེ་ཕོག་པའི་མང་ཚོགས་གང་མགྱོགས་སྤོ་ཐུབ་པར་བྱེད་དགོས་པ་མ་ཟད། གྲང་འགོག་དྲོད་སྲུང་དང་། བཟའ་བཅའི་བདེ་འཇགས། མེ་ཟོན་སྐོར་ཞིབ་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་། ཡོམ་ཁུལ་གྱི་ཁང་པའི་ཚོད་སྐོར་ལ་དམ་འཛིན་བྱས་ནས་བདེ་འཇགས་ཀྱི་བླང་བྱ་དང་འཚམ་རིགས་ལ་རང་མོས་ཀྱི་རྩ་དོན་གཞིར་བཟུང་མང་ཚོགས་གོ་རིམ་ལྡན་པའི་ངང་ཁྱིམ་དུ་ལོག་པའི་ཁྲིད་སྟོན་བྱེད་དགོས་པ་དང་། ཉམས་གསོའི་ཆ་རྐྱེན་འཛོམས་རིགས་ལ་གང་མགྱོགས་ཉམས་གསོ་ཐུབ་པར་བྱེད་དགོས། སྒྲིག་ཆས་སྣ་ཚོགས་དང་ལྷག་པར་དུ་སློབ་གྲྭ་དང་སྨན་ཁང་སོགས་ལས་སྒྲུབ་བྱ་ཡུལ་ལ་དམིགས་བསལ་ཕྱོགས་ཡོངས་ནས་ཉམས་གསོ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་སྟེ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་བསལ་ནས་སློབ་ཚན་ཡང་བསྐྱར་ཚུགས་པ་དང་། ཐོན་སྐྱེད་སླར་གསོ། ཚོང་ཁང་ཡང་བསྐྱར་སྒོ་འབྱེད་པ་བཅས་ཡོང་བར་བྱེད་དགོས། དཔྱིད་ཀ་ཤར་རྗེས་ཕྱོགས་ཡོངས་ནས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་སྔ་སྣུར་དུ་ཡག་པོ་བཟོ་བ་དང་འབྲེལ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གེགས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་ནས་གེགས་བར་གྱི་རྐྱེན་པས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་པ་དང་དབུལ་པོར་མ་འགྱུར་སྔོན་འགོག་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ཡག་པོ་བྱེད་པ་དང་། སྨན་དོན་པ་བཀོད་སྒྲིག་དང་སྒྲིག་ཆས་ཟད་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་ཀྱི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་མྱུར་སྐྱོབ་དང་རྨས་སྐྱོན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རྒྱུན་སྤྱོད་སྨན་རྫས་གྲ་སྒྲིག་ཨང་བསར་བྱས་ཏེ་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་སེམས་གསོ་བཏང་སྟེ་གེགས་ཁུལ་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་འགན་ལེན་བྱེད་དགོས། གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་གེགས་སེལ་གྱི་གནས་ཚུལ་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ཁྱབ་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་སློག་པ། སྔོན་ཐོན་དཔེ་བཟང་དྲིལ་བསྒྲགས་ཡག་པོ་བཅས་བྱས་ཏེ་མི་སེམས་ལ་སྔར་བས་སྐུལ་མ་ཐེབས་པར་བྱེད་དགོས། རིམ་ཁག་ལས་བྱེད་པས་མང་ཚོགས་ཀྱི་ལས་དོན་སྔར་བས་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དཀའ་ངལ་གྱི་རེ་འདུན་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་ནས་ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
     (པ་སངས་ཚེ་རིང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)