འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དྲོ་སྐྱིད་ལྡན་པའི“རས་གུར་སློབ་ཆུང”

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་25ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་12ཚེས་22ཉིན། ཀན་སུའུ་ཞིང་ཆེན་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ཏ་ཧོ་ཅ་གྲོང་རྡལ་ཁང་ཏེའོ་གྲོང་ཚོར་ཕྲུ་གུ་ཚོ་བཀོད་སྒྲིག་བྱ་ཡུལ་གྱི“རས་གུར་སློབ་ཁང”དུ་མཉམ་སྡེབ་བྱེད་སྒོར་ཞུགས་བཞིན་པ།
འདི་ནི་ཟླ་12ཚེས་22ཉིན། ཀན་སུའུ་ཞིང་ཆེན་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ཏ་ཧོ་ཅ་གྲོང་རྡལ་ཁང་ཏེའོ་གྲོང་ཚོར་ཕྲུ་གུ་ཚོ་བཀོད་སྒྲིག་བྱ་ཡུལ་གྱི“རས་གུར་སློབ་ཁང”དུ་མཉམ་སྡེབ་བྱེད་སྒོར་ཞུགས་བཞིན་པ། 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཧྲོའེ་ཅེ། ཝུང་ཡུས་ཧྥེ།
     “ཁྱེད་ལ་དགའ་རྟགས་འབུལ། ཁྱེད་ལ་མེ་ཏོག་འབུལ། ང་ཡི་མི་ཚེར་སེམས་འགུལ་ཐེབས་པ་རྫོགས་མཐའ་མེད”ཅེས་པའི་གླུ་སྒྲ་དང་བསྟུན་ནས་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་ལིའུ་ཅི་ཤང་ཀའོ་ལི་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ། ལམ་འགྲམ་དུ་བརྒྱབ་པའི་གུར་གྱི་ཡོལ་བ་ཕྱེ་ནས་ལྟ་སྐབས། ནང་ལོགས་སུ་སློབ་ཆུང་སློབ་མ་20ལྷག་ཙམ་གྲལ་སྟར་བསྒྲིགས་པོས་བསྡད་དེ་དང་བླངས་པ་སུན་ཀྲེ་ཁྲའོ་ཡི་ཐལ་མོའི་རྡེབ་འགྲོས་དང་བསྟུན་ནས་གསལ་ཞིང་སྙན་པའི་གླུ་ལེན་བཞིན་འདུག
     སུན་ཀྲེ་ཁྲའོ་དམག་ཞབས་ཐིམ་རྗེས་ལན་ཀྲོའུ་གྲོང་ཁྱེར་ཁྲེང་ཀོན་ཆུས་གཅེས་སེམས་ས་ཚིགས་སྤྱི་ཕན་མཐུན་ཚོགས་ཀྱི་ཁོངས་མི་ཞིག་ཏུ་གྱུར་ཅིང་། ས་ཡོམ་གྱི་གནོད་འཚེ་ཐོན་རྗེས། ཚེས་19ཉིན་ཁོང་ལན་ཀྲོའུ་ནས་ཅི་ཧྲི་ཧྲན་དུ་བསྐྱོད་དེ་གུར་རྒྱག་རོགས་དང་དངོས་ཟོག་བགོ་བཤའ་རྒྱག་རོགས་སོགས་བྱས། སུན་ཀྲེ་ཁྲའོ་ཡིས། དམག་ཞབས་ཐིམ་ཡང་དམག་མིའི་རང་མདངས་ཉམས་མེད། རྒྱལ་ཁབ་ཀྱི་རོགས་སྐྱོབ་སྟོབས་ཤུགས་དང་ཆེད་ལས་རོགས་སྐྱོབ་དཔུང་ཁག་རྒྱུན་མཐུད་མང་དུ་སོང་བ་དང་བསྟུན་ནས། ང་ཚོས་བཀོད་སྒྲིག་བྱ་ཡུལ་དུ་ཕྲུ་གུ་ཚོར་ལྟ་རྟོག་དང་བྱེད་སྒོ་སྤེལ་ནས་ཁོ་ཚོའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད་ཅེས་བཤད།
     ལོ་11ལ་སླེབས་པའི་མཱ་རུའེ་ཝུན་ནི་ཀའོ་ལི་གྲོང་ཚོའི་པའོ་ཨན་རིགས་དཔྱིད་ཐིའུ་སློབ་ཆུང་ལོ་རིམ་བཞི་པའི་སློབ་མ་ཡིན་ཞིང་། ཁོ་མོའི་ནག་ཅིང་སྣུམ་པའི་སྐྲ་ལོ་དང་དམར་པོར་གྱུར་པའི་ངོ་གདོང་ཆུང་ངུ་མངོན་གསལ་ལྷག་པར་དོད་ཅིང་།“རས་གུར་སློབ་ཆུང”དུ་སེམས་འགུལ་ཆེན་པོས་གླུ་ལེན་བཞིན་ཡོད། མཱ་རུའེ་ཝུན་གྱིས་རྒན་ལགས་ཀྱིས་ང་ཚོ་རྒྱུག་ཤར་གློད་པ་དང་། རྒྱལ་དར་སྒྲེང་བ། དཔེ་དེབ་ཀློག་པ། རྩེད་མོ་རྩེ་བ་སོགས་བྱེད་པར་འཁྲིད་པ་མ་ཟད། ད་དུང་ཡོམ་འགོག་གི་ཤེས་བྱའང་སློབ་ཀྱི་འདུག འདི་གར་སྐྱིད་པོ་འདུག་ཅེས་བཤད།
     མཱ་རུའེ་ཝུན་གྱི་ཨ་མ་མཱ་ཀྲེ་ཞ་ཡིས། ས་ཡོམ་བརྒྱབ་ནས་ང་ཚོའི་ཁྱིམ་གྱི་གྱང་གས་པས་སྡོད་ཐབས་བྲལ། ས་ཡོམ་བརྒྱབ་རྗེས་ནང་མི་ལྔ་པོ་དྲོ་སོབ་སོབ་ཀྱི་གུར་དུ་བསྡད་པ་དང་། བུ་ཕྲུག་དམག་དང་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པས་དུས་ཐོག་ཏུ་མལ་ཆས་སྤྲད་བྱུང་ལ་བཟའ་འཐུང་ལའང་སེམས་ཁྲལ་བྱེད་དགོས་མི་འདུག སློབ་འགོ་ཚུགས་མེད་པས་རས་གུར་སློབ་ཆུང་དུ་བཏང་ན་ཁྱིམ་བདག་བློ་བདེ་ལ་ཕྲུ་གུ་ཚོས་ཀྱང་དགའ་པོ་བྱས་ཏེ་ཞོགས་པ་ཆུ་ཚོད་བདུན་པ་ཙམ་ནས་རང་འགུལ་ངང་སློབ་གྲྭར་འགྲོ་གི་འདུག་ཅེས་གསར་འགོད་པར་བཤད།
     ཅི་ཧྲི་ཧྲན་དུ་དྲོད་ཚད་ཧ་ཅང་དམའ་ཡང་། ཀའོ་ལི་གྲོང་ཚོའི་ཏང་དམངས་ཞབས་འདེགས་ལྟེ་གནས་མདུན་གྱི་ཐང་སྡེར་དུ་སློབ་ཆུང་སློབ་མ་བཅུ་གྲངས་ཤིག་དང་བླངས་པའི་མཛུབ་ཁྲིད་འོག་ལག་གདང་སྦྲེལ་ནས་རྩེད་མོ་རྩེ་བཞིན་འདུག ཀན་སུའུ་ཞིང་ཆེན་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱི་ཐད་གཏོགས་ཞབས་འདེགས་རུ་ཁག་གཅེས་སེམས་ས་ཚིགས་ཀྱི་རུ་དཔོན་ཀོ་ཤིའུ་ཆུང་གིས། རྩེད་མོ་རྩེ་ན་ཕྲུ་གུ་ཚོ་དང་འདྲིས་ཐུབ་པ་མ་ཟད། གཟུགས་པོ་ལའང་སྒུལ་སྐྱོད་ཐེབས་ནས་དྲོད་འཕེལ་ཐུབ། ཚོགས་པས་ད་དུང་ཐག་པ་འཐེན་པ་དང་སྙུང་རིལ་གཡུག་པ་སོགས་ཁྱད་ཆོས་ལྡན་པའི་སྦྱོང་བརྡར་བྱེད་དུ་འཇུག་རྩིས་ཡོད་ཅེས་བཤད།
     ཉིན་འགའ་གཤིབ་རྗེས། ཀོ་ཤིའུ་ཆུང་གིས་ཕྲུ་གུ་ཚོའི་གདོང་གི་སྐྱོ་མདངས་ཡལ་ནས་རིམ་བཞིན་འཛུམ་མདངས་འཕྱུར་བ་མཐོང་། ཉིན་ཤས་སྔོན་དུ་ཁོང་གིས་ལན་ཀྲོའུ་ནས་ཚོན་སྨྱུག་དང་ཤོག་བུ་ཉོས་ཏེ་ཕྲུ་གུ་ཚོར“ས་ཡོམ་རྒྱག་སྐབས་བག་ཆགས་ཟབ་ཤོས་ཀྱི་རྣམ་པ”འབྲི་རུ་བཅུག “བརྡིབས་པའི་ཁང་པ་འབྲི་མཁན་འདུག་ལ་དགོང་མོ་མེ་སྲོ་མཁན་གྱི་མི་ཚོགས་ཀྱང་འབྲི་མཁན་འདུག”ཀོ་ཤིའུ་ཆུང་ལ་སེམས་འགུལ་ཐེབས་ཤོས་ཤིག་ནི། སློབ་མ་མི་ཉུང་བ་ཞིག་གིས“རས་གུར་སློབ་ཆུང”གི་རྣམ་པ་བྲིས་ཡོད་ལ་དམངས་སེམས་གཅིག་ཏུ་བསྒྲིལ་ནས་ཡོམ་འགོག་གེགས་སེལ་བྱེད་པའི་རྣམ་པའང་བྲིས་ཡོད།
     ས་ཡོམ་གྱི་གནོད་འཚེའི་ཤུགས་རྐྱེན་ཐེབས་ནས་ཅི་ཧྲི་ཧྲན་རྫོང་གི་སློབ་གྲྭ་གནས་སྐབས་སློབ་མཚམས་བཞག་པ་རེད། ཉིན་ཤས་རིང་། གེགས་ཁུལ་དུ“རས་གུར་སློབ་ཆུང”ཟམ་མི་ཆད་པར་ཐོན་ཅིང་། ཧྲེ་ཡོན་གྲོང་རྡལ་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་སྐམ་དམག་འབུམ་ཤོག་ཆེན་པོ་76པའི་ལུའེ་ཤོག་ཅིག་གི་དཔོན་དམག་ཚོས་ཕྲུ་གུ་ཚོར་ཡིག་ཆས་སྤྲད་པ་དང་རྒྱལ་སྲུང་སློབ་གསོ་དང་བདེ་འཇགས་ཤེས་བྱ་བསླབས་པ་མ་ཟད། སློབ་གསེང་དུ་སློབ་མ་ཚོར་གཟུགས་པོའི་སྦྱོང་བརྡར་ཡང་བྱེད་ཀྱི་ཡོད།
     སློབ་མའི་ཁྱིམ་བདག་ལ་ལས། དགེ་རྒན་དམག་མི་ཚོས་སྙན་ངག་དང་ཨང་རྩིས་འཁྲིད་པ་མ་ཟད། དམག་གླུ་ལེན་པ་དང་རྒྱལ་གཅེས་སྐོར་ཡང་འཁྲིད་ཀྱི་འདུག་པས་དངོས་གནས་ག་བཏང་གོ་ཆོད་རང་རེད། སློབ་གྲྭ་གྲོལ་རྗེས་ད་དུང་། ཕྲུ་གུ་ཚོ་ཁྱིམ་དུ་སྐྱེལ་བར་ཡོང་གི་འདུག བཅིངས་འགྲོལ་དམག་ཡོད་པས་ཧ་ཅང་བློ་བདེ་པོ་འདུག་ཅེས་བཤད།
     གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་12ཚེས་22ཉིན། ཅི་ཧྲི་ཧྲན་རྫོང་གི་མཐོ་རིམ་སློབ་འབྲིང་གི་སློབ་མ་4900ལྷག་ཙམ་སློབ་གྲྭ་ཡང་བསྐྱར་ཚུགས་པ་རེད། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”དང“སློབ་གྲྭ་རེར་ཐབས་ཇུས་རེའི”རྩ་དོན་གཞིར་བཟུང་། སློབ་གསོའི་སྡེ་ཚན་གྱིས་ས་ཡོམ་གྱི་གནོད་འཚེ་ཐོན་རྗེས་སློབ་གྲྭ་ཡང་བསྐྱར་ཚུགས་པའི་འཆར་གཞི་བཟོས་ཡོད་པས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་ཡང་བསྐྱར་སློབ་གྲྭར་ལོག་པའི་དུས་ཚོད་ཇེ་ཉེ་ཇེ་ཉེར་འགྲོ་བཞིན་ཡོད།
     (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། ཚེ་སྒྲོལ་དང་ཟླ་ཕུར་གྱིས་ཞུས)