འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་22ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་12ཚེས་19ཉིན་དང་ཚེས་20ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུར་མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ལ་དབྱེ་ཞིབ་དང་2024ལོའི“ཞིང་གསུམ”ལས་དོན་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ“ཞིང་གསུམ”ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི”ནན་བཤད་གནང་བ་དང་། “ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་དམ་འཛིན་ནན་པོ། དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས་པའི”བླང་བྱ་བཏོན་གནང་ཡོད།
     འདི་ལོ་ཚུན་དུ། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ཁོར་ཡུག་གི་འགལ་རྐྱེན་མང་དུ་འགྲོ་བ་དང་རྒྱལ་ནང་གི་དུས་འཁོར་རང་བཞིན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་མང་དུ་འགྲོ་བའི་སྣེ་མང་རྙོག་འཛིང་གི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་མི་འཛེམ་པར་མདུན་སྐྱོད་ལ“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་མཐའ་འཁྱོངས་བྱས་ནས“ཞིང་གསུམ”གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ང་ཚོས་རང་བྱུང་གནོད་འཚེ་སོགས་ཚབས་ཅུང་ཆེ་བའི་ཤུགས་རྐྱེན་ངན་པ་མང་པོ་ཁྱབ་བསད་ཀྱིས་འབྲུ་རིགས་ཐོན་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཞིང་པའི་ཡོང་འབབ་གང་མགྱོགས་འཕར་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་པས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
     “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་གཞིར་བརྩི་བ། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར། གོམ་པ་རིམ་བགྲོད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་ཁྱབ་གདལ་གཏོང་ཆོག་པའི་དོན་དངོས་ཁག་གཅིག་དམ་འཛིན་བྱས་ནས་བསྒྲུབས་ཡོད། 
     འབྲུ་རིགས་འགན་ལེན་དང་ཞིང་ཞོར་ཐོན་རྫས་གལ་ཆེན་བརྟན་ལ་བདེ་འཇགས་ངང་མཁོ་སྤྲོད་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དོན་ཆེན་ཨང་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་ཀྱི་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འདེབས་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འབབ་འཕར་བ་གཉིས་ཀར་ཤུགས་མཐའ་འཁྱོངས་རྒྱག་དགོས་པའི”ནན་བཤད་གནང་ཡོད། ཞིང་ལས་ཆེན་པོའི་འདུ་ཤེས་དང་ཟས་རིགས་ཆེན་པོའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ལ་མཉམ་དུ་དམ་འཛིན་བྱས་ནས་སྣ་མང་ཅན་གྱི་བཟའ་བཅའ་མཁོ་སྤྲོད་མ་ལག་སྐྲུན་དགོས། སྲོག་རྩ་ལྟ་བུ་ཡིན་པའི་རྨོ་ཞིང་ཡག་པོ་བསྲུངས་ནས་རྨོ་ཞིང་གང་བྱུང་དུ་བཟུང་བ་དང་རྨོ་ཞིང་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་མཐའ་གཅིག་ཏུ་བཅོས་སྒྲིག་དང་། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་དང་གཡོག་བྱེད་བྱེད་ཤུགས་ཆེ་རུ་བཏང་ནས། རྨོ་ཞིང་གི་གྲངས་འབོར་འགན་སྲུང་དང་སྤུས་ཚད་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས། ཚན་རྩལ་དང་སྒྱུར་བཅོས་གཉིས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཞིང་གསུམ”ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ལས་དེང་རབས་ཅན་ལ་སྒུལ་ཤུགས་སྣོན་པ་དང་གསོན་ཤུགས་འཕེལ་བར་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་ལས་ཀྱི་གེགས་འགོག་གེགས་སེལ་དང་རྒུད་སྐྱོབ་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“རྒྱལ་ཁབ་ཀྱི་དོན་ཆེན”འབྲུ་རིགས་བདེ་འཇགས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཏེ་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ། རྒྱ་ཁྱོན་ཆེན་པོས་འབྲུ་རིགས་མུའུ་རེའི་ཐོན་འབབ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་2024ལོའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་ཟིན་པའི་འགན་ལེན་བྱེད་དགོས།
     རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཁྲི་སྟོང་་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཁྲིད་སྟོན་དུ་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐའ་ཚད་ཀྱི་ལས་འགན་ལ་སྟངས་འཛིན་ནན་པོ་དང་། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས། འབྱུང་འཕྲོད་ལ་བརྟེན་ནས་ཞིང་ལས་དར་རྒྱས་བཅས་མཐའ་འཁྱོངས། གྲོང་གསེབ་ཀྱི་ཐོན་ལས་གནད་སྨིན་དོན་གཉེར་གྱིས་སྐྱེད་སྲིང་། གྲོང་གསེབ་ཀྱི་མི་འབོར་འགྱུར་ལྡོག་འགྲོ་ཚུལ་དང་འཚམ་པ། གྲོང་ཚོ་བཀོད་སྒྲིག་དང་། ཐོན་ལས་གྲུབ་ཆ། སྤྱི་པའི་ཞབས་འདེགས་བཅས་བཀོད་སྒྲིག་ལེགས་སུ་གཏོང་བ། རྫོང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་གང་མགྱོགས་སྐྲུན་དགོས།
     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། “ཞིང་གསུམ”ལས་དོན་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། ཕྱི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགག་རྩའི་ལོ་ཡིན་པས། “ཞིང་གསུམ”ལས་དོན་ལེགས་པར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན་པ་དང་ལས་འགན་དཀའ་ཚེགས་ཆེན་པོ་ཡོད།
     (པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)