འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞིང་འབྲོག་པ་མི་འཁྱགས་པ་དང་གནོད་འཚེ་མི་ཕོག་པར་བྱེད་པ།

—— བྱང་ཐང་ས་མཐོའི་མཐིལ་གྱི་འཐབ་ས་དང་པོའི་གནས་ཚུལ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་22ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཝུན་པའོ། ཅང་ཧྥན།
   བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ནི་བྱང་ཐང་ས་མཐོའི་མཐིལ་དུ་གནས་པ་དང་ཡུལ་དེའི་དཔལ་འབྱོར་འབྱུང་ཁུངས་གཙོ་བོ་ནི་ཞིང་འབྲོག་ལས་རེད། ཉི་མ་རྫོང་ནི་མི་མེད་ཁུལ་དང་བར་ཐག་ཉེ་བ་དང་ཆ་སྙོམས་ས་བབ་སྨི་5000ཟིན་ལ་ཧ་ཅང་དཀའ་ཚེགས་ཆེ་བའི་གནས་ཤིག་རེད། ཉེ་ཆར་གསར་འགོད་པ་བཅར་འདྲིར་སྐྱོད་སྐབས་ཁ་བ་བུ་ཡུག་འཚུབ་པའི་ཁྲོད་ཉི་མ་རྫོང་གི་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དགུན་སྒྲོལ་འགན་ལེན་བྱས་པས། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཁྱིམ་ཚང་གི་དངོས་ཟོག་གྲབས་གསོག་འདང་ངེས་ཡོད་ཁར་ཁང་པའི་ནང་དྲོ་སོབ་སོབ་ཡོད་པ་མཐོང་བྱུང་།
   ཉི་མ་རྫོང་གནམ་གཤིས་ས་ཚིགས་སུ་སྐྱོད་སྐབས་ལས་དོན་པས་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་གནམ་གཤིས་ཀྱི་ཆ་འཕྲིན་ཕྱོགས་བསྡུས་ལས་ལ་བྲེལ་བཞིན་འདུག “ཉེ་བའི་ལོ་གཉིས་རིང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ལྷཌ་པ་ཆེན་པོ་བརྒྱབ་པའི་ནང་ཉི་མ་གྲོང་རྡལ་གྱི་རླུང་ཤུགས་རིམ་པ་12ལ་སླེབས་ཡོད” ཉི་མ་རྫོང་གནམ་གཤིས་ཅུས་ཀྱི་གནམ་གཤིས་སྔོན་བརྡ་གཏོང་མཁན་བསྟན་འཛིན་ནོར་དབྱངས་ཀྱིས“ཉི་མ་རྫོང་གི་ཤང་ཚང་མར་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཡོད་པ་དང་ང་ཚོས་ཉིན་ལྟར་དྲ་རྒྱ་དང་། རླུང་འཕྲིན། འཕྲིན་ཐུང་སོགས་ནས་གནམ་གཤིས་དྲན་སྐུལ་བྱས་ཏེ་གནམ་གཤིས་ཞབས་ཞུའི་ལས་དོན་ཧུར་ཐག་སྒྲུབ་ཀྱི་ཡོད”ཅེས་བཤད།
   རོང་དམར་ཤང་འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་མི་སྣ་ཚོས་ཟླ་རེར་སྐོར་སྐྱོད་སྨན་བཅོས་ཐེངས་རེ་བྱེད་པ་དང་མང་ཚོགས་ཀྱི་ཁ་པར་འབྱོར་ཕྱིན་ས་ཐག་ཇི་ཙམ་རིང་ཡང་འགྲོ་རྐྱང་བྱེད་ཀྱི་ཡོད། འཕྲོད་བསྟེན་པ་ལྷག་སྒྲོན་གྱིས“གནམ་གཤིས་གྲང་ངར་ཆེ་བས་ཞིང་འབྲོག་མང་ཚོགས་ལ་ཆམ་པ་ཕོག་སླ། ང་ཚོས་རྒྱུན་མཁོའི་སྨན་རྫས་མང་པོ་གྲབས་གསོག་བྱས་ཡོད། གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་ཐོན་ཚེ་འཕྲལ་མར་རྫོང་སྨན་ཁང་དང་སྦྲེལ་མཐུད་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
    ཉི་མ་གྲོང་རྡལ་ལུ་རྒན་གྲོང་ཚོའི་སྐར་མ་རབ་རྒྱས་ལ་མཛོད་ཁང་གཉིས་ཡོད་དེ། མཛོད་ཁང་གཅིག་ཏུ་འབྲས་དང་། གྲོ་ཞིབ། རྩམ་པ། མར་བཅས་བཞག་ཡོད་པ་དང་། འཁྱཌ་སྒམ་ནང་ད་དུང་སྔོ་ཚལ་ཡང་བཞག་ཡོད། མཛོད་ཁང་གཅིག་ཤོས་དེར་ནོར་ལུག་གི་ཤས་ཁེངས།
   “གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་གིས་ལོ་མཇུག་བགོ་འགྲེམས་ཀྱི་མཛད་སྒོ་འཚོགས་མ་ཐག་ཡིན་པ་དང་ངར་ཡང་བགོ་འགྲེམས་མང་པོ་རག་བྱུང་། གཞན་ཡང་གྲོང་མདའ་རུ་ཁྲོན་པ་ཡོད་པ་མ་ཟད། སྲིད་གཞུང་གིས་ད་དུང་འོད་ཤུགས་གློག་ཁང་ཆུང་གྲས་སྒྲིག་སྦྱོར་བྱས་ཡོད་པས་ད་ལོའི་དགུན་ཁར་སེམས་ཁྲལ་མི་འདུག”ཅེས་སྐར་མ་རབ་རྒྱས་ཀྱིས་བཤད།
   ཉི་མ་གྲོང་རྡལ་སྨུག་སྐལ་ར་གསེར་སྡེ་ཁུལ་གྱི་གྲོང་མི་རྟ་མགྲིན་ཉི་འོད་དྲོད་ཁང་དུ་བག་ཕེབས་ངང་བསྡད་འདུག་ལ། མདུན་ངོས་ཀྱི་སྒྲོག་ཙེའི་སྟེང་ཕྱུར་བ་དང་། བཏུང་བྱ། ཞལ་ཏོག་ཙག་ཙིག་བཅས་བསྒྲིགས་འདུག ཁོང་གིས་གསར་འགོད་པར“སྲིད་གཞུང་གི་རོགས་རམ་འོག་སྡེ་ཁུལ་གྱི་དུད་ཚང་ཚང་མས་བུད་རྫས་སྣོད་ཕད་60གྲ་སྒྲིག་བྱས་ཡོད། རྫོང་གྲོང་དུ་གང་ཡང་ཉོ་རྒྱུ་ཡོད་ཅིང་། ཚོང་ཟོག་མཁོ་སྤྲོད་འདང་ངེས་ཡོད་ལ། ཐག་ཉེ་བས་སྟབས་བདེ་པོ་འདུག”ཅེས་བཤད།
   ཉི་མ་གྲོང་རྡལ་གྱི་ཕྱུགས་འཚོ་སར་ཨར་འདམ་གྱིས་གནས་སྐབས་སྡོད་ཁང་བསྐྲུན་པ་དང་ནང་ངོས་སུ་ད་དུང་གློག་ཁྲིད་ཡོད་པས་སྔོན་ཆད་སྦྲ་གུར་ནང་སྡོད་པ་ལས་ཆ་རྐྱེན་ཡག་པ་ཡོད། ཉི་མ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཆང་གིས“བལྟོས་བཅས་དེང་རབས་ཅན་ཡིན་པའི་ཕྱུགས་འཚོ་སའི་གནས་སྐབས་སྡོད་ཁང་དེ་རིགས་ཉི་མ་གྲོང་རྡལ་ཁོ་ནར་42ཡོད། ད་ཆ་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད་ལྷས་རར་ཡང་སྒྱུར་བཀོད་བྱས་སྟབས་གཙང་སྦྲ་དོད་ལ་དྲོད་སྲུང་ཡག་པོ་ཐུབ་པ་དང་ལུག་རྣམས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་ཀྱི་ཡོད”ཅེས་བཤད།
   སྔོན་ཆུ་ཤང་གི་ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་གི་དངོས་རྫས་གྲབས་གསོག་མཛོད་ཁང་དུ་གསར་འགོད་པས་གཟན་རྩྭ་དང་། ཐབ། སྲིང་བལ་གྱོན་གོས། རྡོ་སོལ། གངས་འཕྱག་ཆས་སོགས་གང་དགོས་ཡོད་པ་མཐོང་བྱུང་། སྔོན་ཆུ་ཤང་གི་ཤང་ཀྲང་ཉི་མ་བཀྲ་ཤིས་ཀྱིས“མཛོད་ཁང་དུ་སྐམ་གཟན་ཏུན་177ཙམ་དང་། འབྲུ་རིགས་ཏུན་214 བུད་རྫས་ཏུན་145ཙམ་གྲབས་གསོག་བྱས་ཡོད། ང་ཚོས་གནམ་གཤིས་གྲང་དུ་མ་ཕྱིན་གོང་སྔ་སྣུར་དུ་ཞིང་འབྲོག་མང་ཚོགས་ལ་དངོས་རྫས་སྤྲད་པ་མ་ཟད་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་གནོད་འཚེ་ཐོན་སྐབས་དུས་ཐོག་ཏུ་གནས་སྤོ་བའི་ལམ་ཐིག་ཇུས་འགོད་བྱས་ཡོད། གནས་ཚུལ་ཐོན་མ་ཐག་གྲོང་ཁྱེར་དང་རྫོང་རིམ་གཉིས་སྲིད་གཞུང་གིས་འཕྲལ་མར་ང་ཚོར་དེ་མཚུངས་ཀྱི་རོགས་རམ་བྱེད་སྲིད་ལ། གངས་སྐྱོན་ཚབས་ཆེན་བྱུང་ནས་ཕྱི་ཕྱོགས་དང་འབྲེལ་བ་ཆད་ཀྱང་ཟླ་བ་བརྒྱད་ཙམ་སྣང་དག་མེད”ཅེས་ངོ་སྤྲོད་བྱས།
   སྔོན་ཆུ་ཤང་གི་བགྲེས་སོང་དཔལ་ལྡན་གྱི་སྒོ་རར་རྐོ་འདྲུའི་འཕྲུལ་འཁོར་དང་། འཁོར་གསུམ་སྦག་སྦག ལྗིད་འདེགས་རླངས་འཁོར་ཆུང་གྲས་བཅས་བཞག་ཡོད་ཅིང་། ཁོང་གིས“རང་ཉིད་ལ་རླངས་འཁོར་ཡོད་ཚེ་ཧ་ཅང་སྟབས་བདེ་པོ་འདུག་ལ། གངས་གསོག་ཐེབས་སྐབས་ད་དུང་རྐོ་འདྲུའི་འཕྲུལ་འཁོར་གྱིས་ལམ་བཤངས་ཀྱི་ཡོད”ཅེས་བཤད། བགྲེས་སོང་དཔལ་ལྡན་ལ་ལུག་700ཙམ་དང་ནོར་60ལྷག་ཙམ་ཡོད་ཅིང་། སྔོན་ཆད་ཕྱུགས་ཟོག་འཁྱགས་ཤི་ཐེབས་པ་ནི་ཁོང་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ཡིན་པ་དང་། ད་ཆ་ནོར་ལུག་ལ་འགན་བཅོལ་ཡོད་སྟབས་གལ་ཏེ་བསམ་ཡུལ་ལས་འདས་པའི་གནད་དོན་འཕྲད་ཚེ་དེ་མཚུངས་ཀྱི་ཁ་གསབ་རག་གི་ཡོད།
   སྔོན་ཆུ་ཤང་དམར་ཆེན་གྲོང་ཚོའི་སྐལ་འཛོམས་ཀྱི་ཁྱིམ་དཀར་ཆ་དོད་ཅིང་། རྐུབ་སྟེགས་སྟེང་དགུན་ཆས་བརྩིགས་ཡོད། ཕྱི་ཕྱོགས་སུ་གྲང་རླུང་འུར་འུར་ལྡང་རུང་སྐལ་འཛོམས་དང་བུ་མོ་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་པའི་ཐབ་ཀྱི་འགྲམ་དུ་ཇ་འཐུང་བཞིན་མཆིས།
   བྱང་ཐང་གི་ཞིང་འབྲོག་མང་ཚོཌ་ཚོས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་རྒྱུ་རེད།