འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་པར་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་བླང་བྱ་བཏོན་དོན།
གནོད་འཚེ་ཕོག་པའི་མང་ཚོགས་འཚོལ་སྐྱོབ་ཧུར་ཐག་དང་བཀོད་སྒྲིག་འོས་འཚམ་བྱས་ནས་ནུས་ཤུགས་ཡོད་རྒུས་
མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

——ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་21ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་གི་དུས་ཚོད་ཟླ་12ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ཙམ་ལ། ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་ཡོམ་ཁུངས་གཏིང་ཚད་སྤྱི་ལེ་10ཟིན་གྱི་ཡོད་པ་རེད། མིག་སྔའི་བར། ས་ཡོམ་ལ་ཀན་སུའུ་ཡི་མི་100དང་མཚོ་སྔོན་གྱི་མི་11རྐྱེན་ལམ་དུ་ཤོར་ཡོད་ཅིང་། ཆུ་དང་། གློག འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།
     ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་གནང་དོན། ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ལ་ས་ཡོམ་རིམ་པ་6.2བརྒྱབ་སྟེ་མི་མང་པོ་འཆི་རྨས་བྱུང་ཡོད་པས། འཚོལ་སྐྱོབ་ཧུར་ཐག་དང་དུས་ཐོག་ཏུ་རྨས་མ་མྱུར་སྐྱོབ་བྱས་ཏེ་མི་འཆི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གེགས་ཁུལ་ས་བབ་མཐོ་སར་གནས་ཤིང་། གནམ་གཤིས་གྲང་ངར་ཆེ་བས་ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ཞིབ་ཚགས་བྱས་ཏེ། ཞོར་ཐོན་གནོད་འཚེར་འགོག་ཟོན་བྱེད་དགོས། ཉེན་སེལ་གུད་སྐྱོབ་དངོས་ཟོག་གང་མགྱོགས་སྐྱེལ་བར་སྒྲིག་འཛུགས་དང་། གཏོར་སྐྱོན་ཕོག་པའི་གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ། དྲོད་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བཅས་བྱེད་དགོས་པ་མ་ཟད། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་གཏོང་བ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ཀྱི་ཉེན་སེལ་གུད་སྐྱོབ་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་བླང་བྱ་བཏོན་དོན། ཉེན་སེལ་གུད་སྐྱོབ་དང་། ཉེན་ཁར་གྱར་བའི་མི་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས་བཅས་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ནས། མི་འཆི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ད་ལྟ་དགུན་ཁ་ཡིན་པས། གནོད་འཚེའི་གནས་ཚུལ་ལ་མགྱོགས་མྱུར་ཞིབ་དཔྱད་དང་། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་ལ་མགྱོགས་མྱུར་ཉམས་བཟོ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གནས་སྤོས་བཀོད་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་པ། ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བཅས་བྱས་ཏེ། གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་དང་ཞོར་ཐོན་གནོད་འཚེ་སྣ་ཚོགས་ལ་འགོག་ཟོན་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།
     ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་གེགས་སེལ་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བཏང་ཟིན་པ་རེད། ཀན་སུའུ་དང་མཚོ་སྔོན་གྱིས་མི་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་སྤེལ་བ་མ་ཟད། གུར་དང་། ཉལ་ཁྲི། མལ་ཆས་སོགས་གེགས་སེལ་དངོས་རྫས་གེགས་ཁུལ་དུ་གང་མགྱོགས་བསྐྱལ་ནས། ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་སྐྱོབ་པའི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད། མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)