འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེར་འགོག་ཟོན་དང་ཁ་གཏད་
གཅོག་པའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་17ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ཉེ་དུས། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཁ་ཆར་ཤུགས་ཆེན་བབས་པའི་གནམ་གཤིས་བསྟན་ནས་གློག་གཏོང་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ད་དུང་འཛམ་གླིང་དབུས་ཤར་རྒྱུད་ཀྱི་ས་ཁུལ་དུ་གྲང་རྒྱུན་ཆེ་བའི་གནམ་གཤིས་བསྟན་རྒྱུ་ཡིན་པས། དྲོད་ཚད་དམའ་བ་དང་ཁ་ཆར་འཁྱགས་བསྡམས་ཀྱི་གནོད་འཚེའི་ཉེན་ཁ་ཆེ་བ་དང་གེགས་འགོག་གེགས་སེལ་གྱི་དུས་བབ་ཛ་དྲག་པོ་ཡོད་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས།  
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ནས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་དགོས། འགྲིམ་འགྲུལ་འགྲོ་ལམ་གྱི་གནས་ཚུལ་ཤེས་རྟོགས་དང་དེ་བཞིན་གློག་ཤུགས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་ཐོག་ཏུ་གངས་འཁྱགས་གཙང་སེལ་བྱས་ཏེ། འགྲིམ་འགྲུལ་གཞུང་ལམ་དྲ་བ་དང་གློག་དྲའི་བདེ་འཇགས་ཡག་པོ་ཡོང་བར་འགན་ལེན་བྱེད་དགོས། རྡོ་སོལ་དང་། གློག སྣུམ། སོལ་རླངས་བཅས་མཁོ་འདོན་བྱེད་ནུས་དང་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུ་འགན་སྲུང་དང་དྲོད་རླངས་མཁོ་འདོན་གང་ལེགས་ཐུབ་པ་བྱེད་དགོས། སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་ཚོང་ཟོག་གལ་ཆེན་ཐོན་སྐྱེད་དང་། ཕྱིར་ཚོང་། མཁོ་འདོན་བཅས་ལ་འགན་ལེན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས།
   ཞི་ཅིན་ཕིང་གིས། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་འགན་འཁྲི་ནན་དུ་གཏོང་བ་དང་། དོགས་ཟོན་བྱ་ཐབས་ཞིབ་ཕྲ་བཟོ་བ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་ཐོལ་བྱུང་ཉེན་ཆེའི་གནས་ཚུལ་ལ་ཁ་གཏད་ཡག་པོ་གཅོག་པ་བཅས་བྱས་ནས་མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།