འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་15ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་སྲིད་གཞུང་གནས་ཡུལ་དུ་ཝེ་ཐེ་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་སྲིད་གཞུང་གནས་ཡུལ་དུ་འབྱོར་སྐབས་ཝེ་ཐེ་ནམ་གྱི་གཞོན་ནུ་དང་ལས་རིགས་ཁག་གི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ལག་ཏུ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ཁྱེར་ནས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། ཀྲུང་ཝེའི་འབྲེལ་བ་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཁ་སང་། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བཅུ་གྲངས་ལ་མིང་རྟགས་བཀོད་པའི་དཔང་པོ་བྱས་པ་དེ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ཡོད་པས། ཀྲུང་ཝེའི་འབྲེལ་བ་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་གསལ་བཤད་གང་ལེགས་བྱས་ཡོད། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་ཕུགས་བསམ་དང་དད་སེམས་གཅིག་མཚུངས་ཡིན་ལ། མདུན་ལམ་དང་ལས་དབང་ཡང་གཅིག་མཐུན་ཡིན། ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་པོས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཁྱབ་བསྒྲགས་བྱས་ནས་དུས་རབས་གསར་པའི་ཀྲུང་ཝེའི་འབྲེལ་བའི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཡིད་ཆེས་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་སྦྱིན་པ་དང་ཝེ་ཐེ་ནམ་གྱིས་བཟོ་ལས་ཅན་གྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་རམ་འདེགས་ཐུབ་རྒྱུ་རེད། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བ་དང་དཔལ་འབྱོར་གྱི་འབྲེལ་བ་དམ་ཟབ་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་འཁོར་གཅིག”གི་འཐབ་ཇུས་སྦྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་རྩ་གནད་ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་ཆེད་བར་མཐོངས་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཝེ་ཐེ་ནམ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། མཉམ་སྦྲེལ་མཉམ་མཐུད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གསར་པ་དང་གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ཕྱར་བ་གྲུ་འདེགས་བྱེད་དགོས། ཕྱོགས་གཉིས་པོས་བསམ་བློའི་ཐད་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བའི་ཐད་ཀྱི་སྤེལ་རེས་ལ་ཤུགས་སྣོན་དང་ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་མཉམ་དུ་སྤྱད་ཆོག ཕྱོགས་གཉིས་པོས་ད་དུང་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་མི་རབས་ལ་ཀྲུང་ཝེའི་མཛའ་གྲོགས་ཀྱི་རྒྱུག་མཐུད་དབྱུག་པ་སྔ་ཙམ་ལེན་དུ་འཇུག་དགོས། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་ཝེ་ཐེ་ནམ་གསར་བཅོས་སྒོ་དབྱེར་གྲུབ་འབྲས་ཆེན་པོ་ཐོབ་པ་ནི་རང་ངོས་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་རེད་ལ། ཞི་བདེ་ལྷིང་འཇགས་ཀྱི་འཛམ་གླིང་དང་ལྷག་པར་དུ་སྒོ་དབྱེ་ཁོང་ཡངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལས་བྱུང་བ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་ཟང་ཟིང་བཟོ་བའི་བསམ་པར་དོགས་ཟོན་དང་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་གྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན། མཉམ་དུ་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོར་སྲུང་སྐྱོང་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     (བསོད་བདེ་གཞོན་པ་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)