འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་15ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིར་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་རྒྱལ་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་ཕེབས་འབྱོར་ཟིན་སྐབས། ཝང་ཐིང་ཧུའེ་དང་ཝེ་ཐེ་ནམ་གྱི་ལས་རིགས་ཁག་གི་འཐུས་མིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་ཡིན་པ་དང་། ཕུགས་བསམ་དང་དད་སེམས་གཅིག་མཚུངས་ཡིན་པ། མདུན་ལམ་དང་ལས་དབང་འབྲེལ་ཡོད་པ་མ་ཟད་རང་རང་སོ་སོའི་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འབྲེལ་བའི་ཁྲོད་ཕྱོགས་གཉིས་པོའི་འབྲེལ་བས་དམིགས་བསལ་གྱི་གནས་བབ་བཟུང་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་73སོང་རིང་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་བྱ་གཞག་བརྩོན་ལེན་བྱེད་སྐབས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་རིང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་པོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་བྱེད་རིང་གཏིང་ཟབ་ཀྱི་ཕྱོགས་སུ་བསྐྱོད་ཡོད། འདི་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བའི་ལོ་རེད། ཁ་སང་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཁྱབ་བསྒྲགས་བྱས་ནས་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་མཛའ་མཐུན་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བར་གཞོལ་བའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལངས་ཕྱོགས་ནས་མུ་མཐུད་ཀྲུང་ཝེའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་མཛའ་གྲོགས་མཉམ་ལས་ཀྱི་ལམ་བུ་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་དགོས།
     གཅིག་ནས་ཕྱོགས་གཉིས་པོའི་འབྲེལ་བར་སྣེ་ཡག་པོ་འཁྲིད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྲོལ་རྒྱུན་བཟང་པོ་དང་བྱེད་ཐབས་བཟང་པོར་ཕྱོགས་སྡོམ་ནན་ཏན་དང་། མཐོ་རིམ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་སྤེལ་རེས་དམ་ཟབ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་འཚོལ་ཞིབ་དང་ཕུན་སུམ་ཚོགས་སུ་གཏོང་བ། ཕྱོགས་གཉིས་པོའི་ཐུན་མོང་གི་འཐབ་ཇུས་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་འཕེལ་རྒྱས་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
     གཉིས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཡག་པོ་གཏོང་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ཀ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་པས། གཉིས་ཁེ་མཉམ་ལས་ལ་ལྷན་སྐྱེས་ཀྱི་ལེགས་ཆ་ལྡན་ཡོད་ལ་དེ་ནི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད། ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས་མཉམ་འབྲེལ་མཉམ་མཐུད་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ། འབྱུང་འཕྲོད་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས།
     གསུམ་ནས་གནད་དོན་གྱི་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ཡག་པོ་བྱེད་དགོས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྱི་ངོས་འཛིན་དང་བསམ་འདུན་བྱ་སྤྱོད་དངོས་ལ་བསྒྱུར་ནས་འགལ་མེད་མཉམ་གནས་ངང་མཉམ་ལས་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ལ་སྐུལ་འདེད་བཏང་སྟེ། མཚོ་ཐོག་མཉམ་ལས་དང་ལྷག་དོན་དུ་ཐུན་མོང་གསར་སྤེལ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱིས་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་ནས་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་མུ་མཐུད་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལྟ་སྐུལ་ཐད་ཀྱི་དགེ་མཚན་ལྡན་པའི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བསམ་འདུན་གཅིག་མཐུན་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱས་ནས། རང་སོ་སོའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་དང་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་ཝེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
     (སྐལ་མཆོག་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)