འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་འདིར་ལོ་11རིང་བཙོན་འཇུག་གི་ཁྲིམས་ཆད་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་13ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཞུ་སྦྱོར་ཕྱི་མ་བ་དབྱིན་ཞུའེ་རུའུ་ཡིས་ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་གྱོད་གཞིར་2023ལོའི་ཟླ་12ཚེས་11ཉིན་དབྱིན་ཁྲོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ཆད་བཅད་པ་ཡོངས་བསྒྲགས་བྱས་པ་རེད།
   འདྲི་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2004ལོའི་དཔྱིད་གསར་དུས་ཆེན་ནས་2023ལོའི་ཟླ་2པ་བར་ཞུ་སྦྱོར་ཕྱི་མ་བ་དབྱིན་ཞུའེ་རུའུ་ཡིས་ཀུའུ་ཡོན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཞིབ་དཔྱོད་དཔོན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སོགས་ཀྱི་གོ་གནས་འཁུར་རིང་། གོ་གནས་ཀྱི་སྟབས་བདེ་དང་དེའི་འགན་དབང་དང་གནས་བབ་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོར་བརྡ་བཏང་བ་བརྒྱུད་དེ། ཉིང་ཞའི་རན་ཐེ་ཁེ་ལས་ཚད་ཡོད་ཀུང་སི་སོགས་པའི་ཚན་པ་དང་སྒེར་པར་ཁེ་ལས་གཉེར་སྐྱོང་བྱེད་རོགས་དང་། ལས་གྲྭ་འགན་གཙང་ལེན་རོགས། རྣམ་གྲངས་ལ་ཞིབ་མཆན་འགོད་རོགས། ལས་གྲྭར་གྲོན་དངུལ་གཏོང་རོགས་སོགས་པའི་དོན་དག་ཐད་ཁེ་ཕན་གཉེར་རོགས་བྱས་ཏེ། རྒྱུ་ནོར་གྱི་ལྐོག་རྔན་བླངས་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྲི་1453.6523ཟིན་པ་རེད། 
   དབྱིན་ཁྲོན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ཞུ་སྦྱོར་ཕྱི་མ་བ་དབྱིན་ཞུའེ་རུའུ་ནི་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་ཁྲིམས་དང་འགལ་ཏེ་མི་གཞན་གྱི་རྒྱུ་ནོར་སྒོར་ཁྲི་1453.6523བླངས་ནས། གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ་དང་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་ཞིང་། དེའི་བྱ་སྤྱོད་ནི་ལྐོག་རྔན་བླངས་པའི་ཉེས་གསོག་གི་ཚད་ལ་སླེབས་པའི་ངོས་འཛིན་བྱས་པ་རེད། དབྱིན་ཁྲོན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་པའི་ཞུ་སྦྱོར་ཕྱི་མ་བ་དབྱིན་ཞུའེ་རུའུ་ཡིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་གསལ་པོ་ཡིན་པ་དང་། དཔང་རྟགས་ཁུངས་བཙན་ཡོད་པ། ཞུ་གཏུག་གི་ཉེས་མིང་གཏན་འཁེལ་བ་བཅས་རེད། ཞུ་སྦྱོར་ཕྱི་མ་བ་དབྱིན་ཞུའེ་རུའུ་ཡིས་རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་ནས། རང་མོས་ངང་ཉེས་པ་ངོས་ལེན་དང་ཆད་པ་དང་ལེན་བྱས་པ་དང་གྱོད་འབྲེལ་རྒྱུ་དངོས་ཆ་ཤས་ལེན་ཐུབ་པ་རེད། བཅའ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་དབྱིན་ཞུའེ་རུའུ་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པར་དུས་བཙོན་ལོ་བཅུ་གཅིག་གི་ཉེས་ཆད་བཅད་པ་དང་འབྲེལ་མི་དམངས་ཤོག་སྒོར་ས་ཡ་གཅིག་གི་དངུལ་ཆད་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་འཕེལ་སྐྱེད་བདའ་འདེད་གཏོང་རྒྱུའི་ཆད་པ་བཅད་པ་རེད།