འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤིར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་
ཀྲུའུ་ཞི་ཕེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་09ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་12ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་ཉེར་བཞི་པར་ཞུགས་མཁན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤིར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ།
ཟླ་12ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་ཉེར་བཞི་པར་ཞུགས་མཁན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤིར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་ཉེར་བཞི་པར་ཞུགས་མཁན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤིར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ལོ་མཇུག་ནས་བཟུང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་པ་མ་ཟད། འཐབ་ཇུས་དང་། དཔལ་འབྱོར་ཚོང་དོན། ལྗང་མདོག གྲངས་འཛིན་བཅས་ཁྱབ་ཁོངས་ཀྱི་མཐོ་རིམ་གླེང་མོལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ནི་ཕྱོགས་གཉིས་པོའི་ཁེ་ཕན་དང་མི་དམངས་ཀྱི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་དང་ཡོ་རོབ་ནི་སྣ་མང་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཉིས་དང་། གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་ཁྲོམ་ར་ཆེན་པོ་གཉིས། སྣ་མང་རང་བཞིན་དར་སྤེལ་གཏོང་བའི་ཤེས་དཔལ་ཆེན་པོ་གཉིས་རེད། མིག་སྔར་ཡོ་ལངས་ཇེ་སྡུག་ཏུ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་འོག འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་དང་འབྲེལ་བ་ཡོད། ཕྱོགས་གཉིས་པོས་མཉམ་དུ་འཛམ་གླིང་ལ་བརྟན་ལྷིང་གི་རྣམ་པ་དེ་བས་མང་བ་འདོན་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་བས་མང་བ་འདོན་པའི་འགན་འཁྲི་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་རེད། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་ཡང་དག་མཐའ་འཁྱོངས་བྱེད་དགོས། ཕྱོགས་གཉིས་པོས་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་མིག་རྒྱང་ནས་ཕན་ཚུན་ལྟ་སྟངས་མཐའ་འཁྱོངས་འཛིན་པ། འགོ་ཁྲིད་པའི་ཞལ་འཛོམས་དང་མཐོ་རིམ་གླེང་མོལ་ཆེ་གྲས་ལྔའི་སྣེ་ཁྲིད་ནུས་པ་ཡག་པོ་འདོན་པ། འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དགེ་མཚན་ལྡན་པའི་གླེང་མོལ་བརྒྱུད་བསམ་ཤེས་གཏིང་ཟབ་བྱེད་པ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས། ཕྱོགས་གཉིས་པོས་ཡང་དག་པའི་ངེས་ཤེས་འཛུགས་པ་དང་། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་གཏིང་ཟབ་བྱེད་པ། ཁ་དན་ཚིག་གནས། བློ་གཅིག་སེམས་གཅིག་གིས་འབྲེལ་བ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པ་ལས། ལམ་ལུགས་མི་འདྲ་བའི་དབང་གིས་ཕན་ཚུན་ཁ་གཏད་དུ་ལང་མི་རུང་བ་དང་། འགྲན་རྩོད་ཐོན་པའི་དབང་གིས་མཉམ་ལས་ཉུང་དུ་གཏོང་མི་རུང་བ། མི་མཐུན་པའི་ཆ་ཡོད་པའི་དབང་གིས་འགྲན་རྒོལ་བྱ་མི་རུང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེན་པོ་ལྡན་པས། ཕྱོགས་གཉིས་པོས་དེའི་ཐད་ཀྱི་ལས་དོན་མང་ཙམ་སྒྲུབ་པ་དང་ཆབས་ཅིག་མཉམ་ལས་དེ་བས་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། ཀྲུང་གོའི་དཔལ་འབྱོར་འཕར་བའི་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བཞིན་ཡོད། ཡོ་རོབ་མནའ་འབྲེལ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འགག་རྩའི་རོགས་ཟླ་དང་། ཚན་རྩལ་མཉམ་ལས་ཀྱི་རོགས་ཟླ་རྙིང་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ཀྱི་བློས་འགེལ་ཆོག་པའི་རོགས་ཟླ་བཅས་སུ་བརྩིས་ནས་གཉིས་ཁེ་གཉིས་ཕན་དོན་གཉེར་བྱས་ཏེ་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཁྲོམ་ར་དང་། མ་རྩ། ལག་རྩལ་བཅས་ཀྱི་ལེགས་ཆ་གསབ་རེས་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་གྱི་ཐོན་ལས་རིམ་པ་སྤོར་བ་དང་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ། འཕར་གཞི་གསར་པ་གཏོད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཕྱོགས་གཉིས་པོས་ད་དུང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་མི་འགྲོ་འོང་ལ་སྟབས་བདེ་སྐྲུན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཡོ་རོབ་གཞི་གཅིག་ཅན་ནི་ཀྲུང་གོ་དང་ཡོ་རོབ་ཁག་སོ་སོས་འབྱུང་འགྱུར་ལ་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས། ཀྲུང་གོ་དང་ཡོ་རོབ་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་སྒོ་དབྱེའི་ལས་སྟེགས་ཤིག་རེད་ལ། འཛམ་གླིང་ཐོག་གི་རྒྱལ་ཁབ་150ལྷག་ཙམ་དང་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད། ལྷག་བསམ་གཞན་ལ་བཅངས། ཕན་པ་རང་ལ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། དེའི་ནང་ཡོ་རོབ་མནའ་འབྲེལ་གྱི“གོ་ལ་ཧྲིལ་པོའི་སྒོ་མོའི”འཆར་གཞི་དང་སྦྲེལ་མཐུད་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་དགོས་པ་ཚུད་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། དཔུང་ཚོགས་འགྲན་རྒོལ་ལ་ངོ་རྒོལ། ཆབ་སྲིད་ལ་བརྟེན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་སོགས་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་གླེང་མོལ་དང་མཉམ་ལས་བཅས་བྱས་ནས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་འབུལ་དགོས།
     སྨི་ཤིར་དང་ཕེང་ཏེ་ལའེ་ཨེན་གྱིས་གསུངས་དོན། འཛམ་གླིང་གི་སྟོབས་ཤུགས་ཆེན་པོ་གཉིས་དང་དཔལ་འབྱོར་ཚོང་དོན་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཁྱབ་ཁོངས་ཉིན་བཞིན་རྒྱ་ཆེར་འགྲོ་བཞིན་ཡོད། ཡོ་ཀྲུང་གི་མཉམ་ལས་ནི་གཉིས་ཕན་འདྲ་མཉམ་ཞིག་ཡིན་པས། ཡོ་ཀྲུང་འབྲེལ་བར་དོ་དམ་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་བ་དེ་ཕྱོགས་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་ལ། འཛམ་གླིང་གི་དར་རྒྱས་དང་བདེ་འཇགས་དང་ཡང་འབྲེལ་བ་ཡོད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་དང་འབྲེལ་ཐག་མི་ཆད་པའི་རེ་བ་ཡོད། ཀྲུང་གོ་དང་ཡུན་རིང་བརྟན་ལྷིང་དང་། སྔོན་དཔག་ཆོག་པ། རྒྱུན་མཐུད་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་རེ་སྒུག་བྱས་པ་མ་ཟད། ད་ཐེངས་ཀྱི་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་པའི་ཞལ་འཛོམས་བརྒྱུད། འབྱུང་འགྱུར་ཡོ་ཀྲུང་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པའི་རེ་བ་ཡོད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་འདི་ལོ་ནས་བཟུང་གི་ཡོ་ཀྲུང་གི་ཁྱབ་ཁོངས་ཁག་གི་མཐོ་རིམ་གླེང་མོལ་ལ་གྲུབ་འབྲས་ཡག་པོ་ཐོབ་པར་དགའ་ཚོར་བྱུང་ནས་ཀྲུང་གོའི་དཔལ་འབྱོར་ཡུན་རིང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དེ་ཡོ་རོབ་ཀྱི་ཁེ་ཕན་དང་མཐུན་པའི་ངོས་འཛིན་བྱས་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། ལྗང་མདོག གྲངས་འཛིན་སོགས་ཁྱབ་ཁོངས་དབར་གླེང་མོལ་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་བརྟན་པོ་དང་བདེ་འཇགས་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་འབྲེལ་གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་གླེང་མོལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་མཉམ་ལས་བྱ་ཐབས་འཚོལ་ཞིབ་བྱེད་པའི་རེ་བ་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་ཀྱི་ཡོད།
     (པ་སངས་དང་བདེ་དབང་གིས་སྒྱུར་ཞུས་བྱས)