འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་དོན་འདིར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་08ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་12ཚེས་7ཉིན། ཚོང་དོན་པུས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།
     གསར་འགོད་པས། གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཚོང་དོན་པུའུ་ཀྲང་ཅི་ན་•ལེ་མོང་ཏུའོ་ཡིས་ཉེ་ཆར་ལོ་འཁོར་གྱི་རྒྱལ་སྲུང་གླེང་སྟེགས་ཐོག་ཀྲུང་གོས་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོས་པ་མ་ཟད། འབྲེལ་ཡོད་བྱེད་ཐབས་སྤྱད་དེ་ཀྲུང་གོར་གློག་འདྲེན་ཕྱེད་གཟུགས་དང་རྩེར་སོན་ལག་རྩལ་ཐོབ་རྒྱུར་ཚོད་འཛིན་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད། མགྲིན་ཚབ་པས་ལེ་མོང་ཏུའོ་ཡི་གཏམ་བརྗོད་ལ་ལྟ་སྟངས་ཅི་འདྲ་འཛིན་ནམ། ཨ་རིས་གློག་འདྲེན་ཕྱེད་གཟུགས་དང་རྩེར་སོན་ལག་རྩལ་ཕྱིར་གཏོང་ཚོད་འཛིན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་ལན་གང་ཞིག་བསློག་རྩིས་ཡོད་དམ་ཞེས་དྲི་བ་བཏོན། 
     ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་པའེ་ཏེང་དང་ཅིའུ་ཅིན་ཧྲན་དུ་མཇལ་འཛོམས་གནང་སྐབས། ཀྲུང་གོར་ཨ་རི་ལས་བརྒལ་བའམ་ཡང་ན་ཚབ་བྱེད་པའི་འཚར་གཞི་མེད་ལ། ཨ་རིས་ཀྱང་ཀྲུང་གོར་གནོན་ཤུགས་སྤྲད་ནས་བཀག་འགོག་བྱེད་པའི་འཆར་གཞི་ཡོད་མི་རུང་ཞེས་ནན་བཤད་གནང་བ་རེད། ཀྲུང་གོའི་ཚན་རྩལ་ལ་རྡུང་རྡེག་གཏོང་བ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཀག་འགོག་བྱེད་པ་དང་། ཀྲུང་གོའི་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་འཕྲོག་པ་དེ་ཡིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་“འགན་འཁུར་བའི་སྒོ་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་རྒྱུ་རྐྱེན་ལ་དོ་དམ་ཚོད་འཛིན་བྱ་རྒྱུའི་”མོས་མཐུན་གནང་བ་རེད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ང་ཚོ་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་ཅིའུ་ཅིན་ཧྲན་གྱི་མཇལ་འཛོམས་ཐོག་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་བྱུང་རིགས་འཁྱོལ་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
     “ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་གོ་དོན་སྤྱི་ཁྱབ་ཅན་དུ་བསྒྱུར་བ་དང་། ཀྲུང་གོར་ཕྱིར་གཏོང་དོ་དམ་གང་བྱུང་དུ་སྤྱོད་པ་དང་ཕྱོགས་གཉིས་ཀར་མ་དངུལ་འཇོག་པར་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྲོམ་རའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་འཇིགས་སྣང་སྐུལ་གྱི་ཡོད་པས་ང་ཚོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་ཐེངས་མང་བསྟན་ཡོད།”ཧོ་ཡ་ཏུང་གིས། བྱེད་ཐབས་དེ་དག་གིས་ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་བཀག་འགོག་བྱེད་མི་ཐུབ་པར་ཨ་རིའི་ཁེ་ལས་ལ་ཀྲུང་གོའི་ཁྲོམ་ར་ཤོར་ནས་རང་ངོས་ཀྱི་ཁེ་ཕན་ལ་གནོད་འཚེ་ཕོག་རྒྱུ་ལས་མ་འདས། ཀྲུང་གོ་ཕྱོགས་ནས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་བྱེད་ཐབས་ཀྱི་འཕེལ་ཕྱོགས་དང་ཤུགས་རྐྱེན་ལ་དོ་སྣང་ཆེན་པོ་བྱས་ཏེ། རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།