འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དབྱི་རག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་ནུས་ཆེ་རུ་
གཏོང་བར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་07ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཀེང་ཧྲོང་གིས། དབྱི་རག་གིས“དབྱི་སི་ལམ་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བ་དང་འཇིགས་སྐུལ་ཐལ་སྐྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་མངའ་ཁོངས་ཚུར་ལེན་ཆེད་བློས་གཏོང་ཧ་ཅང་ཆེན་པོ་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་ནུས་ཆེ་རུ་གཏོང་བར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་སྟོབས་ཤུགས་ལྷག་རོ་གཙང་སེལ་བྱས་ནས། ལས་སླ་པོར་བྱུང་བ་མིན་པའི་འཇིགས་སྐུལ་ལ་ངོ་རྒོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་བརྗོད་པ་རེད།
   ཀེང་ཧྲོང་གིས། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“དབྱི་སི་ལམ་རྒྱལ་ཁབ”ཀྱིས་དབྱི་རག་ཏུ་བསགས་པའི་ཉེས་དཔང་བསྡུ་རུབ་བྱེད་པའི་བརྟག་དཔྱད་ཚོགས་ཆུང་གི་བརྡ་ཁྱབ་ཚོགས་འདུའི་ཐོག བརྟག་དཔྱད་ཚོགས་ཆུང་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་གིས་འགན་འཁྲི་བདའ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་ཆེད་གནས་སྐབས་རང་བཞིན་དང་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་བྱས་པ་ཞིག་རེད། འདི་ལོའི་ཟླ་9པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་ཨང་2697ལ་གྲོས་འཆམ་བྱས་ཏེ། བརྟག་དཔྱད་ཚོགས་ཆུང་ལ་དབང་ཆ་སྤྲད་པའི་མཐའ་མཇུག་དུས་ཚད་དེ་2024ལོའི་ཟླ་9ཚེས་17ཉིན་བར་ནར་འགྱངས་བྱ་རྒྱུའི་གཏན་འཁེལ་ཁ་གསལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བླང་བྱ་དེ་ལག་བསྟར་ཏན་ཏིག་བྱ་རྒྱུའི་རེ་བ་བྱེད་པ་དང་ཆབས་ཅིག བརྟག་དཔྱད་ཚོགས་ཆུང་གིས་དབྱི་རག་ཕྱོགས་དང་གྲོས་མོལ་གང་ལེགས་བྱས་ཏེ། དོན་དངོས་དང་མཐུན་ལ་བཀོལ་སྤྱོད་ཆོག་པའི་ཕྱིར་འཐེན་འཐབ་ཇུས་སྔ་ཙམ་བཀོད་ནས། ཕྱིར་འཐེན་ལས་དོན་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ལེགས་སྒྲུབ་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
   ཀེང་ཧྲོང་གིས། བརྟག་དཔྱད་ཚོགས་ཆུང་གིས་ད་དུང་དབྱི་རག་སྲིད་གཞུང་ལ་དཔང་རྟགས་བརྒྱུད་རིམ་ལྡན་པ་དང་ཕྱོགས་ཡོངས་ནས་རྩིས་སྤྲོད་བྱེད་པའི་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབས་ཏེ། དཔང་རྟགས་དེ་འཇིགས་སྐུལ་པའི་འགན་འཁྲི་བདའ་འདེད་གཏོང་བའི་མཚོན་ཆ་ནུས་ལྡན་དུ་འགྱུར་བ་བྱས་ནས། དབྱི་རག་གིས་འཇིགས་སྐུལ་པའི་འགན་འཁྲི་བདའ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་པར་སྒྲུབ་དགོས་ཞེས་བརྗོད་པ་རེད།