འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས“2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་06ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་གཉེར་ཚུན། གོ་ལ་ཧྲིལ་པོའི་དཔྱོད་ལྡན་རྣམས་ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། རིག་གནས་སྤེལ་རེས་དང་དཔྱད་གཞིར་འཛིན་པ་བཅས་ལ་ཤུགས་རྐྱེན་བཟོ་བའི་གྲོས་གཞི་མང་པོར་བགྲོ་གླེང་གཏིང་ཟབ་བྱས་ནས། རྒྱལ་སྤྱིའི་མཉམ་ལས་དང་དམངས་སེམས་གཅིག་སྦྲེལ་ལ་སྐུལ་འདེད་གཏོང་བར་ནུས་པ་ཧུར་ཐག་བཏོན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྔར་བྱུང་མྱོང་མེད་པའི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ། མིའི་རིགས་ཀྱི་སྤྱི་ཚོགས་ངེས་པར་དུ་མཐུན་སྒྲིལ་བྱས་ནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། སྒོ་དབྱེ་བསྟུན་མཁས། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས། ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་དགོས། སྐུ་མགྲོན་ཚོས་བློ་བསྡུས་དགེ་འཚོལ་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཆེད་ཤུགས་རྒྱག་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡིན།
     “2023ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཉིན་དེར་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གཉེར་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“སྤེལ་རེས་དེ་བས་མང་པོ་དང་། བསྟུན་མཁས་དེ་བས་མང་པོ། མཉམ་ལས་དེ་བས་མང་པོ་བཅས་ཀྱི་ཕྱོགས་མང་རིང་ལུགས”ཞེས་པ་ཡིན། དེ་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཨོ་སི་ཁྲུ་ལི་ཡ་—ཀྲུང་གོའི་མཛའ་གྲོགས་སྤེལ་རེས་མཐུན་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་དང་དེ་བཞིན་འཛམ་གླིང་གཙོ་འཛིན་མནའ་འབྲེལ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
     (དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)