འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་06ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་12ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་མཇལ་འཛོམས་གནང་བ།
ཟླ་12ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་མཇལ་འཛོམས་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁོའོ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོའི་ཟླ་2པའི་ཟླ་མཇུག་ཏུ་སྐུ་ཞབས་ཙུང་ཐུང་གིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ནས་ང་ཚོས་ཀྲུང་བྷེའི་འབྲེལ་བ་ཆུ་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་གཅིག་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་ཕྱིན་པ་དང་རྒྱལ་སྤྱིའི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་བྷེའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་བྷེ་ཨུ་རུ་སུས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུར་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་མ་ཟད། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་བྷེ་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་བྷེའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བཅུའི་གོང་ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དང་ད་ཆ་རྒྱལ་ཁབ་150ལྷག་ཙམ་མཉམ་ལས་ནང་ཞུགས་ཡོད། མི་རིང་བའི་གོང་། ངས་ཀྲུང་གོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་བཏོན་ཡོད་པས། བྷེ་ཨུ་རུ་སུ་ཕྱོགས་དེའི་ནང་མུ་མཐུད་ཧུར་ཐག་ཞུགས་ནས་ཁ་ཡོད་ལག་ཡོད་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་ཀྲུང་བྷེའི་བཟོ་ལས་གླིང་སོགས་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས་ཀྲུང་བྷེའི་བཟོ་ལས་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་རྒྱལ་སྒྲོལ་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས། དུས་བཀག་ལྟར་ཕན་ཚུན་རིག་གནས་ཉིན་མོའི་བྱེད་སྒོ་སྤེལ་ནས་སློབ་གསོ་དང་། འཕྲོད་བསྟེན། ལུས་རྩལ། ཡུལ་སྐོར་བཅས་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ན་གཞོན་དབར་གྱི་སྤེལ་རེས་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་དགོས། ཀྲུང་བྷེ་ཕྱོགས་གཉིས་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཞུགས་མཁན་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་བྷེ་ཨུ་རུ་སུ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།
     ལུའུ་ཁཱ་ཧྲེན་ཁོའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་མ་ཟད། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་འཛམ་གླིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས། ཕྱོགས་ཁག་ལ་ཕན་པ་ཐོབ་པ་དེ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ་ཞིག་ཡོད། བྷེ་ཨུ་རུ་སུས་སྙིང་དབུས་ནས་ཀྲུང་གོ་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ལ། དེ་ནི་འཛམ་གླིང་ཡོངས་ཀྱི་ཞི་བདེ་ཡར་ཐོན་བྱ་གཞག་ལ་ཕན་ཐོགས་ཡོད། བྷེ་ཨུ་རུ་སུས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་བཏང་སྟེ་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་སྤྱི་དང་ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བྷེ་ཀྲུང་རྒྱལ་ཁབ་གཉིས་པོའི་དུས་དང་རྣམ་པ་ཀུན་ཏུ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)