འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་2023ལོའི“ཀྲུང་གོ་ཤེས་རྟོགས”ཀྱི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་04ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི“ཀྲུང་གོ་ཤེས་རྟོགས”ཀྱི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་གོར་བ་དང་། ས་སྦྲེལ་གདོང་ཐུག་ཟམ་མི་ཆད་པར་ཚབས་ཆེ་རུ་འགྲོ་བ། མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོར་གནས་ཡོད་པས། ང་ཚོས་དེ་བས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཤེས་རྟོགས་བྱེད་པའི་འགག་རྩ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཤེས་རྟོགས་བྱེད་པར་ཐུག་ཡོད། ད་ཆ་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མདུན་ལམ་དང་ལས་དབང་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཟུང་འབྲེལ་དམ་ཟབ་ཡོད། ང་ཚོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མཐའ་འཁྱོངས་བཏང་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་བཏོད་དེ། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་གི་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཁག་དང་ཁེ་ཕན་གཅིག་སྡུད་བྱེད་རྒྱ་ཆེ་རུ་གཏོང་བར་གཞོལ་ཏེ། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་ཟམ་མི་ཆད་པར་བསྐྲུན་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཁེ་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོ་དང་འཛམ་གླིང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
     “ཀྲུང་གོ་ཤེས་རྟོགས”ཀྱི་རྒྱལ་སྤྱིའི་ཚོགས་འདུ་ཀྲུང་གོ་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཚོགས་པ་དང་། ཀྲུང་གོ་མི་དམངས་ཕྱི་འབྲེལ་སློབ་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཚེས་2ཉིན་ཀོང་ཀྲོའུ་རུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“ལོ་བརྒྱའི་འགྱུར་ལྡོག་ཆེན་པོའི་ཁྲོད་ཀྱི་ཀྲུང་གོའི་བྱས་རྗེས་གསར་པ་སྟེ། ཁེ་ཕན་གཅིག་སྡུད་བྱེད་ས་ཆེ་རུ་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས”ཞེས་པ་དེ་རེད།
     (མཚམས་གཅོད་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)