འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་ཆི་པེ་གྲོང་ཚོས་མི་རིགས་མཐུན་སྒྲིལ་ཆེ་མོར་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་
འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་04ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། དབྱང་ཅིང་།
   དགུན་སྟོད་ཀྱི་ཡུན་ནན་ཞིང་ཆེན་ཝུའེ་ཤིས་རྫོང་ཐ་གྲོང་གྲོང་རྡལ་ཆི་པེ་གྲོང་ཚོར་ཞིང་དལ་དུས་སུ་སླེབས་ཀྱང་གྲོང་མི་ཚོ་དལ་ཁོམ་མེད་པར་རྩིག་པ་རྒྱག་པ་དང་ལམ་བུ་འདིང་བ་སོགས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བར་བྲེལ་བཞིན་ཡོད།
    ཆི་པེ་གྲོང་ཚོ་ནི་འཇང་རིགས་དང་། བོད་རིགས། ལི་སུའུ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་འདུས་སྡོད་ཀྱི་གྲོང་ཚོ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་ཞིག་ཀྱང་རེད། འདས་ཟིན་པའི་དུས་ཡུན་རིང་པོའི་ནང་གྲོང་ཚོའི་དམངས་སྲོལ་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཡག་པོ་ཐུབ་མེད་པས་སྲོལ་རྒྱུན་ཞིང་ལས་ཀྱིས་མི་རྣམས་ལྟོ་གོས་འཕྱིད་ཙམ་ལས་མེད།
    “ཀ་རྟེན་ཐོན་ལས་ལ་བརྟེན་ན་གཞི་ནས་གྲོང་ཚོའི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ” ཆུང་དུས་ནས་གྲོང་ཚོ་དེ་རང་དུ་འཚར་ལོངས་བྱུང་བའི་ཧོ་ཤིན་ཧའེ་ནི་དམག་ཞབས་ཐིམ་པའི་དམག་མི་ཞིག་ཡིན་པ་དང་དེ་སྔ་ཕྱི་ལ་ཡུལ་སྐོར་ལས་རིགས་གཉེར་གྱི་ཡོད། ཐེངས་ཤིག་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ཁོང་གིས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མཐོང་ནས་གྲོང་ཚོར་ཡུལ་སྐོར་རྩེ་གྲ་གཉེར་བའི་ཆ་རྐྱེན་ཡོད་པ་ཤེས་རྟོགས་བྱུང་བ་རེད། 2018ལོར་ཁོང་ཕ་ཡུལ་དུ་ལོག་ནས་ཡུལ་སྐོར་ཀུང་སི་ཞིག་བཙུགས་ཏེ་གྲོང་ཚོའི་ཁྱད་ལྡན་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱ་རྒྱུའི་ཇུས་འགོད་བྱས།
   གྲོང་ཚོའི་ཁྱད་ལྡན་ཐོན་ཁུངས་གསེད་བཀྲོལ་བྱེད་སྐབས་ཧོ་ཤིན་ཧའེ་ཡིས་མི་རིགས་མཐུན་སྒྲིལ་དང་ཁྱད་ལྡན་དམངས་སྲོལ་ནི་གྲོང་ཚོའི་ཁྱད་ཆོས་ཆེ་ཤོས་ཡིན་པའི་ངོས་འཛིན་བྱུང་ཡོད། ཆི་པེ་གྲོང་ཚོར་གྲོང་མི་ཚོས་མཉམ་དུ་སྒོར་གཞས་དང་རལ་པ་འཁྲབ་པ་དང་། བོད་བཟོའི་ལག་ཤེས་བཟོ་རྩལ་དང་འཇང་རིགས་ཀྱི་མི་རིགས་གྱོན་ཆས་བཟོ་རྩལ་སྤེལ་རེས་ཐོག“གཙང་གསུམ་མཉམ་བཞུར”གྱི་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་དང་ཞིང་ལས་ཐོན་ཁུངས་ཀྱིས་ཡུལ་སྐོར་གྱི་ནང་དོན་རྒྱ་ཆེར་བཏང་ནས་ཡུལ་སྐོར་བའི་ཡུལ་སྐོར་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་གི་ཡོད།
   “ཡུལ་སྐོར་ཉམས་ལེན་གྱི་ནང་དོན་ལྡན་ཡང་དམངས་སྲོལ་གནས་ཚང་རྩེ་གྲ་ད་དུང་མེད”ཧོ་ཤིན་ཧའེ་ཡིས། སྐབས་དེ་དུས་གྲོང་ཚོར་དམངས་སྲོལ་གནས་ཚང་རྩེ་གྲ་ཞིག་ཡོད་ཀྱང་སྡོད་མཁན་མང་པོ་མེད། གལ་སྲིད་སྡོད་མཁན་འགྲུལ་པ་མེད་ཚེ། ཡུལ་སྐོར་གྱི་སྣེ་ཁྲིད་ནུས་པ་དེ་ཙམ་ཆེན་པོ་མེད་ཅེས་བཤད། དེར་བརྟེན་ཁོང་གིས་གྲོང་ཚོའི་རང་བྱུང་རྣམ་པ་དང་ཟུང་འབྲེལ་བྱས་ནས་དམངས་སྲོལ་གནས་ཚང་རྩེ་གྲ་ཞིག་བསྐྲུན་ཏེ་སྐུ་མགྲོན་ཚོར་ཞིང་ནང་མཛེས་ལྗོངས་མཐོང་ཐུབ་པ་དང་ཐུན་མིན་གྱི་དམངས་སྲོལ་མྱོང་རོལ་ཐུབ་པར་བྱས་ཡོད།
   ཧོ་ཤིན་ཧའེ་ཡིས་གཉེར་སྐྱོང་བྱས་པའི་དམངས་སྲོལ་གནས་ཚང་རྩེ་གྲར་གྲོང་མི་20ལས་ཀར་བཅུག་པ་མ་ཟད། ད་དུང་གྲོང་ཚོའི་ནང་གི་དམངས་སྲོལ་མྱོང་རོལ་དང་། ཞིང་ལས་ཉམས་ལེན། ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་མཁོ་འདོན་བྱེད་མཁན་ཞིང་དུད་དག་སྒྲིག་སྲོལ་ཅན་གྱི་ཡུལ་སྐོར་རྣམ་གྲངས་ནང་བཅུག་ནས་ལོར་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་སྟོང་ལས་བརྒལ་བར་སྐུལ་ཁྲིད་ཀྱང་བྱས་ཡོད།
    ཉེ་བའི་ལོ་ཤས་རིང་། ཆི་པེ་གྲོང་ཚོས་ཁྱད་ལྡན་དམངས་སྲོལ་གནས་ཚང་དམ་འཛིན་བྱ་གཞིར་བྱས་ནས་བེད་མེད་ཞིང་ཁྱིམ་དང་། ཞིང་ཁྱིམ་གྱི་བཟའ་བཏུང་། མི་རིགས་ཀྱི་རིག་གནས་སོགས་གྲོང་གསེབ་ཀྱི་ཐོན་ཁུངས་རབ་དང་རིམ་པ་གང་འགབ་ཅི་སྤྱོད་བྱས་ཏེ་དམངས་སྲོལ་གནས་ཚང་དང་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཟུང་འབྲེལ་བྱས་པ་དང་། ཁྱད་ལྡན་དམངས་སྲོལ་གནས་ཚང་གིས་ཀྱང་སྲོལ་རྒྱུན་ཞིང་ལས་ཀྱི་སྤྲོ་གསེང་ནུས་པ་ཆེ་རུ་བཏང་ནས“དམངས་སྲོལ་གནས་ཚང་+”དེ་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གསེར་གྱི་ལྡེ་མིག”ལྟ་བུར་འགྱུར་བར་བྱས་ཡོད།
    ཁྱད་ལྡན་ཞིང་ལས་བྱེད་སྒོ་དང་གྲོང་མིའི་རྒྱུན་གཏན་གྱི་སྤྲོ་གསེང་གླུ་གར་གྱི་ནང་དོན་ཚང་མ་ཡུལ་སྐོར་རྣམ་གྲངས་ནང་བཅུག་ཅིང་། རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་དང་དེ་བཞིན་ཧོ་ཤིན་ཧའེ་སོགས་ཀྱི་སྐུལ་ཁྲིད་འོག་ད་ཆ་ཆི་པེ་གྲོང་ཚོས་དམངས་སྲོལ་གནས་ཚང་26འཕེལ་རྒྱས་བཏང་བ་དང་མང་ཚོགས་དུད་ཚང་115སྒོ་རྩར་ལས་གཏོད་དང་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
   ཆི་པེ་གྲོང་ཚོའི་ཝུའེ་ཤིས་ཕུན་སུམ་ཚོགས་མི་རིགས་རིག་གནས་ཐོན་ལས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་པའི་ཧོ་དབན་ཁྲུན་དང་མི་རིགས་ཁག་གི་མང་ཚོགས་ཚོ་མཉམ་དུ་རལ་པ་དང་སྒོར་གཞས་ཀྱི་འཁྲབ་ཆས་བཟོ་བཞིན་ཡོད་པ་དང་། ཚང་མ་ཕན་ཚུན་འཆམ་པོ་ཡོད། ཧོ་དབན་ཁྲུན་ཁྱིམ་གྱི་མི་རབས་བཞིར་མི་རིགས་4ཡོད་པ་དེ་ནི་གྲོང་ཚོའི་ནང་གི་མི་རིགས་མཉམ་འདྲེས་ཀྱི་དཔེ་མཚོན་ཁྱིམ་ཚང་ཞིག་རེད། 1962ལོ་ནས་མི་རིགས་ཀྱི་གོས་རྒྱན་བཟོས་པ་ནས་བཟུང་ཁོང་གིས་མི་རིགས་ཀྱི་གོས་རྒྱན་བཟོ་བའི་ལག་རྩལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱེད་ཀྱི་ཡོད།
   “མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། ཚང་མ་ཡག་པོ་བྱུང་ན་དངོས་འབྲེལ་ཡག་པོ་རེད”ཧོ་དབན་ཁྲུན་གྱིས། མཐའ་འཁོར་གྱི་མང་ཚོགས་ཐུན་མོང་ཐོག་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་ཆེད། ཁོང་གིས་རྒྱན་གོས་བཟོ་རྩལ་གྲོང་མིར་བསླབས་པ་མ་ཟད། ད་དུང་མི་རིགས་རྒྱན་གོས་འགྲེམས་ཁང་ཡང་བཙུགས་ནས་མི་དེ་བས་མང་བས་ས་གནས་དེ་གའི་མི་རིགས་ཀྱི་རྒྱན་གོས་ཤེས་རྟོགས་ཐུབ་པ་བྱས་ཡོད།
   འདས་ཟིན་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་ཧོ་དབན་ཁྲུན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཆུང་དུས་རང་ཁྱིམ་གྱི་སྟོན་ཏོག་ཕལ་ཆེ་བ་ས་བདག་ལ་སྤྲོད་དགོས་ཀྱི་ཡོད་པས་རྟག་པར་བཟའ་འབྲུ་འདང་གི་མེད་པ་དང་རྩྭ་ལྷམ་ཆ་གཅིག་གིས་ལོ་མང་འཁྱོལ་བར་བྱེད་ཀྱི་ཡོད། ད་ཆ་ལོ་ལྟར་འབྲུ་རིགས་འདང་ངེས་ཡོད་པ་མ་ཟད་ཟས་རིགས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད།
   “མི་རིགས་མཐུན་སྒྲིལ་གྱིས་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྣན་བར” ས་གནས་དེ་གའི་ལས་བྱེད་པས། རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་མི་རིགས་མི་འདྲ་བའི་རིག་གནས་ལ་འགྲེམས་སྟོན་གྱི་སྟེགས་བུ་མཁོ་འདོན་བྱས་ནས་ཁྱད་ལྡན་གྱི་མི་རིགས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག ད་དུང་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ལ་སྔར་བས་ཡོང་བར་སྐུལ་མ་ཐེབས་ཡོད་ཅེས་བཤད་པ་རེད།