འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་02ཉིན། 12:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་23པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
   རྩོམ་ཡིག་ནང་ནན་བཤད་བྱས་དོན། རྨོ་ཞིང་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་དེར་ཤུགས་སྣོན་རྒྱག་དགོས།
    འབྲུ་རིགས་ཀྱི་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”དང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུ་རེད། རང་རེའི་ཏང་གིས་རྨོ་ཞིང་སྲུང་སྐྱོང་གི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བྱ་ཐབས་ནན་པོ་རབ་དང་རིམ་པ་སྤྱད་ནས་རྨོ་ཞིང་གི་དམར་ཐིག་ལ་སྲུང་སྐྱོང་བྱས་ཏེ་རྨོ་ཞིང་གི་སྤྱི་འབོར་རྒྱུན་མཐུད་ཆག་རིགས་བཀག་འགོག་རགས་ཙམ་བྱས་ཡོད། དེ་དང་དུས་མཚུངས་ངོས་འཛིན་རིག་པ་དྭངས་གསལ་ཐུབ་པར་བྱེད་དགོས་པ་ཞིག་ལ། རང་རྒྱལ་གྱི་མི་འབོར་མང་ཞིང་ས་ཞིང་ཉུང་བའི་རྒྱལ་བབ་ལ་འགྱུར་ལྡོག་བྱུང་མེད་པ་དང་། རྨོ་ཞིང“ཞིང་མིན”དང“འབྲུ་མེད”ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ། རྨོ་ཞིང་གི་དམར་ཐིག་སྲུང་བའི་རྨང་གཞི་ཐ་སྐྱོང་ཐུབ་མེད་པ། ས་ཞིང་གི་ཆུ་བེད་ཐད་ད་དུང་ཆད་སྐྱོན་མང་པོ་ཡོད། དུས་རབས་གསར་པའི་རྒྱང་ལམ་གསར་པར་རྨོ་ཞིང་སྲུང་སྐྱོང་གི་ལས་འགན་ཡང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་དཀའ་ཚེགས་ཆེ་རུ་ཕྱིན་ཡོད།
    རྩོམ་ཡིག་ནང་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྤྱིའི་བསམ་ཕྱོགས་དང་འགག་རྩའི་བྱེད་ཐབས་བཏོན་ཡོད། རྩོམ་ཡིག་ནང་ནན་བཤད་བྱས་དོན། རྨོ་ཞིང་སྲུང་སྐྱོང་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། མིག་སྔར་སྤུས་འབོར་གལ་འགངས་ཆེ་མཉམ་དང་། ཁྲིམས་སྒྱུར་ནན་པོ། བརྒྱུད་རིམ་ལྡན་པའི་སྐུལ་འདེད། བསྟུད་མར་བེད་སྤྱོད་སོགས་ཀྱི་བླང་བྱ་གལ་ཆེན་ཁོང་དུ་མངོན་གསལ་དོད་པོ་ཆུད་པར་བྱེད་དགོས། རྩོམ་ཡིག་ནང་ནན་བཤད་བྱས་དོན། སྲོག་རྩ་ལྟ་བུའི་རྨོ་ཞིང་ལ་སྲུང་སྐྱོང་བྱེད་པར་ངེས་པར་དུ་འགག་རྩའི་བྱ་ཐབས་འགའ་སྤྱོད་དགོས་པ་སྟེ། གཅིག་ནས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་དགོས། རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ནང་ས་གནས་ཁག་གི་རྨོ་ཞིང་དང་ཡུན་རིང་གཞི་རྩའི་ཞིང་ཁ་སྲུང་སྐྱོང་གི་ལས་འགན་ཁ་གསལ་བཟོས་པ་དང་འབྲེལ་དོན་འཁྱོལ་ཐུབ་པ་བྱས་ཡོད། ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་ཁུར་ནས་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་ལས་གཏན་ནས་མི་བརྒལ་བར་འགན་ལེན་བྱེད་དགོས། གཉིས་ནས་རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། ཡུན་རིང་གཞི་རྩའི་ཞིང་ཁ་མུའུ་དུང་ཕྱུར་15.46རྨོ་ལས་ལ་འཚམ་པ་དང་། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ། ཐོན་བརྟན་འབབ་ཆེ་བཅས་ཀྱི་དེང་རབས་ཅན་གྱི་ས་ཞིང་གཤིན་པོར་དངོས་སུ་འགྱུར་བར་བྱེད་དགོས། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་བཅའ་ཁྲིམས་གང་མགྱོགས་བཙུགས་ནས་ས་ནག་སྲུང་སྐྱོང་ལས་གྲྭ་ལག་བསྟར་དང་། སྐྱུར་འགྱུར་སོགས་ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་ལ་ཤུགས་སྣོན། རྨོ་ཞིང་སྐྱེ་ལྡན་རྫས་བཅུད་རིམ་སྤོར་བྱ་སྤྱོད་ལག་བསྟར་བཅས་བྱེད་དགོས། གསུམ་ནས་རྨོ་ཞིང་གི་བཟུང་གསབ་དོ་སྙོམས་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྨོ་ཞིང་བཟུང་སྤྱོད་བྱེད་རིགས་བཟུང་གསབ་དོ་སྙོམས་དོ་དམ་ནང་གཅིག་གྱུར་འཇུག་དགོས། རྨོ་ཞིང་གི་སྤུས་ཚད་ཞིབ་བཤེར་རྩིས་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁ་གསབ་བྱེད་དགོས། བཞི་ནས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་འདེབས་པ་དང་འབྲུ་རིགས་ལ་དམ་འཛིན་བྱེད་པའི་ཞིང་པ་དང་ས་གནས་སྲིད་གཞུང་གི་ཧུར་སེམས་ལ་སྐུལ་སློང་བྱེད་དགོས། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་འོས་འཚམ་ལྡན་པའི་ཞིང་ལས་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་སྐྱིན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་། འཚོང་ཁུལ་གཙོ་བོ། ཐོན་འཚོང་དོ་སྙོམས་ཁུལ་བཅས་ཀྱི་རྨོ་ཞིང་སྲུང་སྐྱོང་གི་མཉམ་ཤུགས་ཆགས་པར་བྱེད་དགོས། བེད་མེད་དུ་བཞག་པའི་ས་ཞིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གདིང་གཞི་གསལ་རྟོགས་བྱས་ཏེ་བེད་མེད་ས་ཞིང་བེད་སྤྱོད་ལ་རིགས་དབྱེ་སྐུལ་འདེད་གཏོང་དགོས། ལྔ་ནས་སྲོལ་རྒྱུན་མིན་པའི་རྨོ་ཞིང་ཐོན་ཁུངས་སྣ་ཚོགས་གསར་སྤེལ་ཧུར་ཐག་བྱེད་དགོས། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ལ་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཕན་ནུས་ལྡན་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ“ཞིང་རྟེན་འབྲུ་གསོག”དང“རྩལ་རྟེན་འབྲུ་གསོག”ཟུང་འབྲེལ་གྱིས་སྲོལ་རྒྱུན་མིན་པའི་རྨོ་ཞིང་གི་ཐོན་ཁུངས་སྣ་ཚོགས་སྤྱད་དེ་ཞིང་ལས་ཐོན་སྐྱེད་བྱེད་དགོས། རྨོ་ཞིང་ལ་སྲུང་སྐྱོང་བྱེད་པར་ཁྲིམས་སྒྱུར་ནན་པོ་བྱེད་དགོས་མོད། འོན་ཀྱང་དཀར་ནག་བདེན་རྫུན་མི་འབྱེད་པ་དང་བློ་ཐག་མི་ཆོད་པ་བྱེད་མི་རུང་། དངོས་ཐོག་བདེན་འཚོལ་དང་། ཆོས་ཉིད་ལ་བརྩི་འཇོག ཞིང་པའི་ཁེ་ཕན་སྲུང་སྐྱོང་། དྲིལ་བསྒྲགས་གསལ་འགྲེལ་ལ་ཤུགས་སྣོན། བར་བརྒལ་དུས་སྐབས་འོས་འཚམ་འཇོག་པ་བཅས་བྱས་ནས་གོམ་པ་རིམ་བགྲོད་ཀྱིས་སྐུལ་འདེད་གཏོང་དགོས།
    རྩོམ་ཡིག་ནང་འཁོད་དོན། བ་ཚྭའི་ས་ཞིང་ཕྱོགས་བསྡུས་སྒྱུར་བཀོད་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས། བ་ཚྭའི་ས་ཞིང་ཕྱོགས་བསྡུས་སྒྱུར་བཀོད་བེད་སྤྱོད་བྱེད་པ་ནི་རྨོ་ཞིང་སྲུང་སྐྱོང་དང་ལེགས་བཅོས་བྱེད་པའི་ཕྱོགས་གལ་ཆེན་ཞིག་རེད། རང་རྒྱལ་དུ་བ་ཚྭའི་ས་ཞིང་མང་པོ་ཡོད་པ་དང་ས་ཁུལ་ཁག་གཅིག་གི་རྨོ་ཞིང་བ་ཚྭ་ཅན་དུ་འགྱུར་ཤུགས་ཆེ་རུ་ཕྱིན་པས། བ་ཚྭའི་ས་ཞིང་ལ་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། བ་ཚྭའི་ས་ཞིང་གསར་སྤེལ་བེད་སྤྱོད་བྱེད་པའི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། ད་ཡོད་ཀྱི་བ་ཚྭའི་རྨོ་ཞིང་བསྒྱུར་བཀོད་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་བ་ཚྭ་ཅན་ལ་འགྱུར་རིགས་བཀག་འགོག་ནུས་ལྡན་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་བར་མཐོངས་རྒྱ་སྐྱེད་བརྟན་པོ་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བ་ཚྭའི་ས་ཞིང་གྱི་ཁྱད་ལྡན་ཞིང་ལས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ལས་དོན་འགའ་ཞིག་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་བ་ཚྭའི་ས་ཞིང་གི་ཐོན་ཁུངས་གནས་ཚུལ་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ་རྨང་གཞིའི་ལས་དོན་བརྟན་པོ་ཡོང་བར་བྱེད་དགོས། གཉིས་ནས་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ཏེ་བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་རྣམ་གྲངས་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་དགོས། གསུམ་ནས་རིགས་དབྱེ་ཇུས་འདོན་གྱིས་ཁུལ་དབྱེ་རིགས་དབྱེའི་སྒོ་ནས་བ་ཚྭའི་རྨོ་ཞིང་བཅོས་སྒྲིག་དང་ལེགས་བཅོས་བྱེད་དགོས། བཞི་ནས་འབྲུ་རིགས་དང་། དཔལ་འབྱོར། གཟན་ཆག་བཅས་ལ་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ཏེ་བ་ཚྭའི་ས་ཞིང་བེད་སྤྱོད་བྱས་ནས་བ་ཚྭའི་ས་ཞིང་གི་ཐོན་ཁུངས་སྣ་ཚོགས་ནས་ཟས་རིགས་ལེན་ཐབས་བྱེད་དགོས། ལྔ་ནས“འདེབས་པར་འཚམ་ས”དང“འཚམ་སར་འདེབས་པ”ཟུང་འབྲེལ་བྱས་ཏེ་བ་ཚྭ་བཟོད་པའི་ཁྱད་ལྡན་ས་བོན་འདེམས་གསོ་མགྱོགས་མྱུར་བྱས་ནས་བ་ཚྭའི་ས་ཞིང་བཅོས་སྐྱོང་དང་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཁྱབ་གདལ་ཤུགས་ཆེན་གཏོང་དགོས། དྲུག་ནས་བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་དངུལ་རྩའི་སྲིད་ཇུས་བཟོས་ནས་མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།