འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་
གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་02ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”དྲན་གསོའི་ཚོགས་ཆེན་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་གནད་དོན་གྱི་གཙོ་གནད་ཡིན་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འབྲེལ་བ་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་གི་རྐྱེན་རྩ་ནི་ཕ་ལེ་སི་ཐན་གྱི་མི་དམངས་ཀྱིས་རང་བཙན་རྒྱལ་ཁབ་འཛུགས་པའི་ཁྲིམས་མཐུན་གྱི་མི་རིགས་ཀྱི་ཁེ་དབང་ཡུན་རིང་མངོན་འགྱུར་བྱེད་ཐབས་བྲལ་བར་ཐུག་ཡོད། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཡང་ཡང་ཐོན་པའི་ཡ་ང་བའི་བསླབ་བྱ་ལས་ཐུན་མོང་གི་བདེ་འཇགས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རྒྱུན་མཐུད་བདེ་འཇགས་ཡོང་ཐུབ་པ་གསལ་བཤད་གང་ལེགས་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཛ་དྲག་གི་བྱ་སྤྱོད་སྤེལ་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་ནས་ནུས་ཤུགས་ཡོད་རྒུས་དམག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། མི་སེར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། མི་ཆོས་ཀྱི་གེགས་བར་བཀག་འགོག་བཅས་བྱེད་དགོས། རྨང་གཞི་དེའི་ཐོག་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་ཞི་བའི་གྲོས་མོལ་གང་མགྱོགས་སླར་གསོ་བྱེད་འགོ་བཙུགས་ནས་ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་འཛུགས་ཀྱི་དབང་ཆ་དང་། འཚོ་གནས་ཀྱི་དབང་ཆ། རྒྱལ་ཁབ་ལ་ལོག་པའི་དབང་ཆ་བཅས་སྔ་ཙམ་མངོན་འགྱུར་ཡོང་བར་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་བྱ་གཞག་ལ་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནི་1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེ་རུས་ས་ལེམ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ལོངས་སྤྱོད་བྱེད་པ་བཅས་ཀྱི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་རེད། ཕ་ལེ་སི་ཐན་གྱི་དཔལ་འབྱོར་དང་དམངས་འཚོའི་དགོས་མཁོར་འགན་ལེན་བྱེད་དགོས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞི་བའི་གྲོས་མོལ་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་དབང་གྲགས་དེ་བས་ཆེ་བའི་རྒྱལ་སྤྱིའི་ཞི་བའི་གྲོས་ཚོགས་གང་མགྱོགས་འཚོག་དགོས། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད། རྒྱལ་ཁབ་དབར་གྱི་ཕྱོགས་འགལ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་ཡང་བྱེད་ཀྱི་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་གོས་གཞུང་དྲང་དྲང་བདེན་མུ་མཐུད་གཙོ་བཟུང་བྱེད་པ་དང་ཞི་མཐུན་དང་གྲོས་མོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྔར་རྒྱུན་བཞིན་ཕ་ལེ་སི་ཐན་ཕྱོགས་ལ་མི་ཆོས་དང་འཕེལ་རྒྱས་སོགས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་པོའི་ཇུས་གཞིའི”ཡང་དག་པའི་བགྲོད་ལམ་ཐོག་ཕྱིར་ལོག་བྱེད་པར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཡོང་བ་བྱ་རྒྱུ་ཡིན།