འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་ཧེང་ལི·ཅི་ཤིན་ཀེ་སྐུ་གཤེགས་པར་ཨ་རིའི་ཙུང་ཐུང་པའེ་ཀྲེན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་02ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི·ཅི་ཤིན་ཀེ་སྐུ་གཤེགས་པར་ཨ་རིའི་ཙུང་ཐུང་པའེ་ཀྲེན་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ། སྒེར་གྱི་མིང་ཐོག་ནས་འབུམ་རམས་པ་ཧེང་ལི·ཅི་ཤིན་ཀེ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་ཆབས་ཅིག་ཁོང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཡང་གནང་བ་རེད།
   ཞི་ཅིན་ཕིང་གི་མྱ་ངན་ཞུ་བའི་གློག་འཕྲིན་ནང་། འབུམ་རམས་པ་ཧེང་ལི·ཅི་ཤིན་ཀེ་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་འཐབ་ཇུས་མཁས་ཅན་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཡང་ཡིན། དུས་རབས་ཕྱེད་ཀའི་གོང་། ཁོང་གི་ཁྱད་དུ་འཕགས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་ཐོག་ནས་ཀྲུང་ཨའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ནས་རྒྱལ་ཁབ་གཉིས་པོར་ཕན་བདེ་བསྐྲུན་ཡོད་ལ། འཛམ་གླིང་ལ་འགྱུར་ལྡོག་ཀྱང་བཏང་ཡོད། ཁོང་གིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་དེ་སྐུ་ཚེ་ཧྲིལ་པོའི་དོན་གཉེར་ལ་བརྩིས་གནང་ཡོད། ཅི་ཤིན་ཀེའི་མཚན་དེའང་ནམ་ཡང་ཀྲུང་ཨའི་འབྲེལ་བ་དང་དམ་པོར་འབྲེལ་ཡོད། ཀྲུང་གོའི་མི་དམངས་ཀྱིས་འབུམ་རམས་པ་ཅི་ཤིན་ཀེ་ནམ་ཡང་སེམས་ལ་ངེས་པ་དང་དྲན་གསོ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་ཀྲུང་ཨའི་མི་དམངས་དབར་གྱི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་བྱེད་པ་དང་། ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་འཁོད་ཡོད།