འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པར་ནན་བཤད་གནང་དོན།

༄༅།།ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་མཐུན་རྐྱེན་
དང་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་30ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་མཐུན་རྐྱེན་དང་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཀྱང་རེད། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་དེ་བས་སྤྱི་འདོམས་ཡག་པོ་དང་འཕེལ་རྒྱས་དང་བདེ་འཇགས་དེ་བས་སྤྱི་འདོམས་ཡག་པོ་བྱེད་པའི་མཐོ་ཚད་ནས་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ཤེས་རྟོགས་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་བླང་བྱ་དང་འཚམ་པའི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཆེད་ཁྲིམས་སྐྱོང་གི་མཐུན་རྐྱེན་དང་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་སྐྲུན་པའི་ནན་བཤད་གནང་བ་རེད།
    ཝུའུ་ཧན་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་བློ་མཐུན་ཧོང་ཧུའེ་ཁང་གིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་མ་ཟད། ལས་དོན་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་ནས་གྲོས་བསྡུར་གནང་བ་རེད།
    ཞི་ཅིན་ཕིང་གིས་འགྲེལ་བཤད་གསན་པ་དང་གྲོས་བསྡུར་བསྒྲུབས་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བཅའ་ཁྲིམས་ནི་སྤྱི་ཚོགས་ཀྱི་འཚོ་བ་དང་རྒྱལ་ཁབ་སྐྱོང་བའི་ཚད་གཞི་ཞིག་རེད། ཕྱི་རྒྱལ་དང་འབྲེལ་བའི་བཅའ་ཁྲིམས་ལམ་ལུགས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་གི་རྨང་གཞི་ཡང་ཡིན་པས། རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར། ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་རྒྱལ་གྱི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པའི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་དེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་འབྲེལ་བ་ཡོད་ལ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་སྐྱོང་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་དེ་བས་སྲུང་སྐྱོང་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ཡར་ཐོན་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་སྐྱོད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་ནི་ཁྱབ་རྒྱ་ཆེ་ཞིང་མཉམ་འགུལ་རང་བཞིན་ཆེ་བའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས། སྔོན་ཚུད་ནས་བསམ་གཞིག་དང་། སྤྱི་ཡོངས་ནས་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་ཇུས། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་མཐའ་འཁྱོངས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་སྲུང་། བཅའ་ཁྲིམས་ཞབས་ཞུ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ཆེན་པོའི་བཀོད་པ་ཆགས་པར་བྱེད་དགོས། ཁྲིམས་འཛུགས་སྔོན་སྤེལ་དང་བཟོ་བཅོས་དོན་འགྲེལ་རྣམ་བཞི་གལ་ཆེ་མཉམ་དུ་འཇོག་པ་མཐའ་འཁྱོངས་བྱས་ཏེ་བརྒྱུད་རིམ་ལྡན་ལ་ཆ་ཚང་བའི་ཕྱི་རྒྱལ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་ཆགས་པར་བྱེད་དགོས། མཐུན་སྦྱོར་ཕན་ཆེའི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག་འཛུགས་པ་དང་། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་འཛིན་འདྲི་གཅོད་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། ཕྱི་རྒྱལ་དང་འབྲེལ་བའི་བཅའ་ཁྲིམས་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་བཏང་ནས་རྒྱལ་སྤྱིའི་རྩེར་སོན་གྱི་འདུམ་གཅོད་ལས་ཁུངས་དང་ཁྲིམས་རྩོད་པའི་ལས་དོན་ཁང་ཁག་གཅིག་སྐྱེད་སྲིང་བྱེད་དགོས། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཁེ་སྐྱོང་ལས་ཤག་སྲུང་སྐྱོང་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་རྒྱལ་དུ་རང་རྒྱལ་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་བདེ་འཇགས་འཁོར་འབྲེལ་སྟོབས་ཆེན་སྐྲུན་དགོས། ལུགས་མཐུན་སྒྲིག་སྲོལ་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས“ཕྱིར་བསྐྱོད་པའི”བརྒྱུད་རིམ་ནང་རང་འགུལ་ངང་ས་གནས་དེ་གའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང་ཞུ་བར་ཁྲིད་སྟོན་བྱས་ཏེ་ཁྲིམས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། རང་འགུལ་ངང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བར་ཞུགས་ཏེ་རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་བཟང་པོར་བརྟེན་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རམ་འདེགས་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་དང་སྒོ་དབྱེའི་ལས་དོན་མཉམ་དུ་སྤེལ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་སྔར་བས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྱོང་སྔར་བས་གཏིང་ཟབ་བྱེད་དགོས། ཁྲིམས་སྐྱོང་གི་རྨང་གཞིའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཁྲིམས་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཤིག་ཡིན་པས། ཕྱི་གསལ་ནང་གསལ་གྱི་ཕྱི་རྒྱལ་དང་འབྲེལ་བའི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྒྲིག་སྲོལ་གཉིས་ཡག་པོ་སྤྱོད་པ་བཅས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་དང་བསྡུ་ལེན་ཧུར་ཐག་བྱེད་པ་དང་། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་སྐྲུན་དགོས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་ཡང་ཡང་བསྡུར་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བྱེད་ཐབས་ནུས་ལྡན་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་དུས་ཐོག་ཏུ་བཅའ་ཁྲིམས་སུ་མཐོར་འདེགས་བྱས་ཏེ། སྒོ་དབྱེའི་རིམ་པ་དེ་བས་མཐོ་བ་དང་། ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ། ཁྱབ་འགྱེད་ནུས་པ་དེ་བས་ཆེ་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས། ཁྲིམས་ལྟར་སྒོ་དབྱེའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་བ་ཀྲུང་གོར་འཚོ་བ་སྐྱེལ་བདེ་བའི་ཞབས་ཞུའི་བྱེད་ཐབས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་ཀུན་སྤྱོད་དང་བཅའ་ཁྲིམས་མཉམ་སྦྱོང་མཐའ་འཁྱོངས་བྱེད་པ་དང་། རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་རིག་པའི་སློབ་གསོ་ཡག་པོ་གཉེར་བ། ལག་ལེན་གྱིས་ཕྱོགས་སྟོན་བྱེད་པའི་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་བ། རྒྱལ་སྤྱིའི་སྒྲིག་སྲོལ་ཁོང་དུ་ཆུད་པ། ཕྱི་རྒྱལ་དང་འབྲེལ་བའི་བཅའ་ཁྲིམས་ལས་དོན་བྱང་ཆུབ་པ་བཅས་ཀྱི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ཤེས་ལྡན་པ་ཁག་ཅིག་སྔ་ཙམ་གསོ་སྐྱོང་བྱེད་དགོས། ཤེས་ལྡན་པ་ནང་འདྲེན་དང་། གདམ་གསེས། བཀོལ་སྤྱོད། དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ཤེས་ལྡན་པ་རྩེ་གྲ་གསོ་སྐྱོང་དང་གྲབས་གསོག་གི་ལས་དོན་ཡག་པོ་སྒྲུབ་དགོས། ཕྱི་རྒྱལ་དང་འབྲེལ་བའི་ལས་བྱེད་པའི་དཔུང་ཁག་གི་ཁྲིམས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་སྐྲུན་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བརྩི་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ནས་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། ཁྲིམས་སྐྱོང་གི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་གི་འདུ་ཤེས་དང་། འདོད་ཚུལ། གྲུབ་འབྲས་ཐོབ་པའི་ལག་ལེན་བཅས་ལ་འགྲེལ་བཤད་ཧུར་ཐག་བརྒྱབ་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་ཤོད་དགོས། ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་སྔོན་ཐོན་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོ་དང་ཕྱི་རྒྱལ་ལ་ཁྱབ་པའི་ཕྱི་རྒྱལ་དང་འབྲེལ་བའི་ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྐད་ཆ་ཤོད་པའི་མ་ལག་བཏོད་དེ། རང་རྒྱལ་གྱི་ཁྲིམས་སྐྱོང་རྒྱལ་ཁབ་ཆེན་པོ་དང་ཤེས་དཔལ་གྱི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱེད་དགོས། ཀྲུང་ཧྭའི་ཁྲིམས་རྒྱུད་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ལ་ཁྲིམས་སྐྱོང་བསམ་བློ་ཕུན་སུམ་ཚོགས་པོ་དང་ཆབ་སྲིད་ཀྱི་བློ་གྲོས་ཟབ་མོ་ལྡན་པས་ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་ཡིན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བཅའ་ཁྲིམས་དང་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་ཧྭའི་ཁྲིམས་སྐྱོང་ཤེས་དཔལ་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱེད་དགོས།