འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི“དབུས་རྒྱུད་ལྕགས་ལམ”ནས་འདི་ལོ་མེ་འཁོར་གཏོང་ཐེངས་
3000ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་30ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་ཀྲུང་གོ་ལྕགས་ལམ་ཧུའུ་ཧོ་ཧའོ་ཐེ་ཅུས་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་28ཉིན་གྱི་ཆུ་ཚོད་13དང་སྐར་མ་32ཙམ་ལ་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་གྲངས་1291གིས་བརྒྱ་ཟོག་ཏུན་920ཟིན་པ་དང་དབྱིན་ཁྲེ་40ཟིན་པའི་དོས་སྒམ་55བླུགས་ཏེ་ནང་སོག་ཨར་ལེན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནས་རྒྱལ་མཚམས་སྒྲོལ་ཏེ་ཨུ་རུ་སུའི་ཝོར་ཤིས་ནོར་བསྐྱོད་པ་རེད། དེའི་ཐོག་ནས་འདི་ལོའི་ཨར་ལེན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་3000ལྷག་ཙམ་ཟིན་པ་མཚོན་ཡོད། འདི་ནི་2013ལོར་ལྕགས་ལམ་འགག་སྒོ་དེ་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་དང་པོ་བཏང་ཚུན། ལོ་གཅིག་ནང་མེ་འཁོར་གཏོང་ཐེངས་3000ལས་བརྒལ་ཐེངས་དང་པོ་རེད།
    ནང་སོག་ཨར་ལེན་ཧའོ་ཐེ་ལྕགས་ལམ་འགག་སྒོ་དེ་ཀྲུང་གོའི་བྱང་ཕྱོགས་སུ་གནས་པ་དང་ཀྲུང་གོ་དང་མོང་གོལ་གྱི་སྐམ་ལམ་འགག་སྒོ་ཆེ་ཤོས་དེ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང“ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”ཁྲོད་ཀྱི་མཚམས་ཚིགས་གྲོང་ཁྱེར་གཙོ་བོ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་དབུས་རྒྱུད་བགྲོད་ལམ་གྱི་འཛུལ་སྒྲོལ་འགག་སྒོ་འབའ་ཞིག་དེ་རེད། རྒྱལ་ནང་གི་དངོས་ཟོག་མོང་གོལ་རྒྱལ་ཁབ་དང་། ཨུ་རུ་སུ། ཡོ་རོབ་བཅས་ལ་ཕྱིར་གཏོང་བྱེད་པའི་བགྲོད་ལམ་གལ་ཆེན་ཡང་རེད། མིག་སྔར་ཨར་ལེན་ཧའོ་ཐེ་ལྕགས་ལམ་འགག་སྒོ་ནས་འཛུལ་སྒྲོལ་བྱེད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་གཉེར་སྐྱོང་ལམ་ཐིག་69ཡོད་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)27དང་འབྲེལ་བ་ཡོད། དེའང་ཀྲུང་ཡོའི་དུས་གཏན་མེ་འཁོར་རང་རྒྱལ་གྱི་ཧྭ་ཀྲུང་དང་ཧྭ་ཏུང་ས་ཁུལ་ནས་ཡོ་རོབ་ལ་བསྐྱོད་པའི་ལམ་ཐག་ཐུང་ཤོས་ཀྱི་བགྲོད་ལམ་ཞིག་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་ཀྲུང་ཡོའི་དུས་གཏན་མེ་འཁོར་བཏང་བ་ནས་2019ལོའི་ལོ་སྨད་བར། ལྕགས་ལམ་འགག་སྒོ་དེས་རིམ་རྩིས་བརྒྱབ་ན་མེ་འཁོར་ཐེངས་3000བཏང་ཡོད། 2023ལོ་ཁོ་ནར་མེ་འཁོར་ཐེངས་3000ལྷག་ཙམ་བཏང་ནས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་གྲངས་ཀྱང་མགྱོགས་མྱུར་འཕར་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ད་དུང་རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཤར་བགྲོད་ཡོང་བར་བློས་འགེལ་ཆོག་པའི་འབྲེལ་མཐུད་ཀྱང་བྱས་ཡོད།