འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལས་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འབྲེལ་ཟམ་འཛུགས་མཁན་སྒྲོལ་དཀར་
གྱི་འགན་སྒྲུབ་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་30ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ལྗོངས་ཀྲུང་ཡོན་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྒྲོལ་དཀར་གྱི་ཉིན་རེའི་གྲོས་རིམ་གྱི་ཟིན་ཐོར་ལྟ་སྐབས། བརྟག་ཞིབ་དང་ཚོགས་འདུ་སོགས་ཀྱི་འཆར་གཞིས་ཁེངས། དཔེ་སྒྲོམ་མདུན་དུ་མ་སླེབས་གོང་ཁོང་གིས་ཡིག་ཁུག་མཐུག་པོ་མང་པོ་བཏོན་པ་དེ་ནི་ཁོང་ཚོགས་འདུ་སྣ་ཚོགས་ལ་ཞུགས་པའི་ཚོགས་འདུའི་ཡིག་ཆ་དང་། བརྟག་ཞིབ་ཟིན་དེབ། དེ་བཞིན་རིམ་ཁག་སྲིད་གཞུང་གིས་ཚུར་ལན་གནང་བའི་སྲིད་ཇུས་ཡིག་ཆ་བཅས་རེད།
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་ཇི་ལྟར་མཐོ་རུ་གཏོང་དགོས་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གོང་ཞུ་དང་ཐབས་འདོན་ཇུས་འབུལ་ཇི་ལྟར་སྔར་ལས་ལེགས་པར་བྱེད་དགོས་པ་སོགས་ཀྱི་དོགས་འདྲི་འཆང་བཞིན་ཁོང་གཞི་རིམ་གྱི་འཐབ་ས་མདུན་མར་བསྐྱོད། “ང་བསམ་ཚུལ་ཉན་རྒྱུར་དགའ་ལ་མཉམ་སྤྱོད་ལའང་དགའ་པོ་ཡོད། མི་མང་པོ་ཞིག་གིས་ང་ལ་བསམ་འཆར་འདོན་པ་དང་བསམ་ཚུལ་ཤོད་འདོད་བྱེད་ཀྱི་འདུག”ཅེས་ཁོང་གིས་གསུངས།
    མི་རིང་བའི་གོང་། སྒྲོལ་དཀར་ཉིང་ཁྲི་དང་ཆབ་མདོར་བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ནས་ས་གནས་དེ་གའི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོ་གསན་ཞིང་། བརྟག་ཞིབ་མཇུག་འགྲིལ་རྗེས་སྒྲོལ་དཀར་གྱིས་བསམ་ཚུལ་མང་པོ་བསྡུ་རུབ་ཐུབ་ཡོད་ཅིང་། ཁོང་གིས་དེའི་ནང་ནས་གནས་ཚུལ་དངོས་དང་འཚམ་ཤོས་ཀྱི་བསམ་ཚུལ་ཁག་གཅིག་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་འབུལ་གྱི་ཡོད།
    འདི་ལོ་སྒྲོལ་དཀར་གྱིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་སྐོར་ལ་བརྟག་ཞིབ་ཐེངས་མང་གནང་བ་མ་ཟད། ཁེ་ལས་མཁས་ཅན་མི་ཉུང་བ་ཞིག་གི་དཀའ་གནད་དང་གནད་དོན་ཡང་ཤེས་རྟོགས་ཐུབ་ཡོད། “ཁེ་ལས་གཉེར་སྐྱོང་བྱེད་རིང་བཅའ་ཁྲིམས་ཀྱི་གནད་དོན་ལ་སྔར་ནས་བཟུང་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ངས་བརྟག་ཞིབ་བྱས་ནས་ཤེས་པའི་གནད་དོན་གཞིར་བཟུང་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་བྱས་རྗེས་མཐར‘ལྟ་ཞིབ་ལས་ཁུངས་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ’དང‘ཁེ་ལས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཏན་ཏིག་སྤེལ་བ་དང་། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་སྟེ་རང་གཤིས་ཅན་གྱི་བཅའ་ཁྲིམས་དྲིལ་བསྒྲགས’སོགས་ཀྱི་གྲོས་འགོ་གྲུབ་ཡོད། གྲོས་འགོ་དེ་དག་ལ་འབྲེལ་ཡོད་སྡེ་ཚན་གྱིས་དང་ལེན་བྱས་ནས་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད”ཅེས་སྒྲོལ་དཀར་གྱིས་གསུངས།
    སྒྲོལ་དཀར་གྱི་མིག་ལམ་དུ་སྤེལ་རེས་ནི་ཕྱོགས་གཉིས་པོའི་ལས་དོན་ཞིག་རེད། ཁོང་གིས་ཁེ་ལས་མཁས་ཅན་ལ་རེ་ཞུ་དང་བསམ་འཆར་ཞུ་རོགས་བྱས་པ་མ་ཟད། ད་དུང་ཁེ་ལས་མཁས་ཅན་ལ་སྲིད་ཇུས་འགྲེལ་བཤད་ཀྱང་རྒྱག་གི་ཡོད། འཚམས་འདྲི་བྱེད་རིང་ཁེ་ལས་ཁག་གཅིག་གི་གཉེར་སྐྱོང་བས་ཁོར་ཡུག་སྲུང་སྐྱོང་གི་ཚོད་འཛིན་ལ་དོགས་འཆར་ཡོད་ཚུལ་མཐོང་སྐབས། སྒྲོལ་དཀར་གྱིས“སྐྱེ་ཁམས་སྲུང་སྐྱོང་ནི་ང་ཚོས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་མཐའ་ཚད་ཅིག་ཡིན”ཞེས་ཚིག་ཐག་ཆོད་པོས་གསུངས་ཀྱི་ཡོད། དེར་བརྟེན་སྒྲོལ་དཀར་གྱིས་རྟག་ཏུ་ཁེ་ལས་གཉེར་སྐྱོང་བ་ཁག་གཅིག་དང་སྐད་ཆ་ཤོད་རེས་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་ཡོད།
   ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱེད་པའི་ཁྱབ་རྒྱ་ཆུང་བས་སྒྲོལ་དཀར་གྱི་སེམས་ལ་བསམ་ཚུལ་གསར་པ་ཞིག་འཆར་ཡོད། ད་ཆ་ཁོང་གིས་བརྙན་ཐུང་ལས་སྟེགས་སུ་རང་ཉིད་ཀྱི་ཨང་གྲངས་བཟོས་ནས་ཤེས་རྟོགས་ཐུབ་པའི་སྲིད་ཇུས་ཁག་དང་དེ་བཞིན་ཁེ་ལས་གཉེར་སྐྱོང་བྱེད་རིང་འཕྲད་པའི་གཏམ་རྒྱུད་སྣ་ཚོགས་གསུངས་ཀྱི་ཡོད། “མདོར་ན་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་པའི་སྲིད་ཇུས་འགྲེལ་བཤད་རྒྱག་རྒྱུ་དེ་ཡིན”ཞེས་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།
    འགན་འཁྲི་ཡག་པོ་སྒྲུབ་པ་དང་བསྟུན་ནས་སྒྲོལ་དཀར་གྱི་ཐུགས་སུ་བསམ་ཚུལ་གསར་པ་མང་པོ་ཞིག་འཆར་བ་དང་། འབད་བརྩོན་གྱི་ཁ་ཕྱོགས་ཀྱང་དེ་བས་གསལ་དུ་ཕྱིན་ཡོད། “ད་ཆ་ངས་བོད་ཀྱི‘ཞིང་གསུམ’ཁེ་ལས་གཉེར་སྐྱོང་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཕྱིས་སུ་མུ་མཐུད་བརྟག་ཞིབ་ཡག་པོ་བྱས་ཏེ་གྲོས་གཞི་དང་གྲོས་འགོ་དེ་བས་ལེགས་པ་བཏོན་ནས། ཁེ་ལས་དེ་བས་མང་བའི་གདེང་ཚོད་ཆེ་རུ་གཏོང་བ་དང་དཀའ་ངལ་ལས་རྣམ་པར་རྒྱལ་བར་རོགས་རམ་བྱས་ཏེ་ཁོ་ཚོ་འཚར་ལོངས་དང་སྟོབས་ཆེར་གཏོང་གི་ཡིན”ཞེས་གསུངས།