འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་ཞིང་འཕྲུལ་ཁ་གསབ་སྒོར་ཁྲི་6600ལྷག་ཙམ་སྤྲད་ནས་རིགས་ཁག་གི་ཞིང་
འཕྲུལ་ཡོ་བྱད་8600ལྷག་ཙམ་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་30ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཁ་གསབ་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ནས། ཞིང་འབྲོག་མང་ཚོགས་ཚོས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པར་ཁྲིད་སྟོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་འཕྲུལ་སྒྲིག་སྦྱོར་གྱི་ལས་ཕྱོད་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཀྱི་ཐོན་ལས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཞིང་ལས་སྐྱེ་དངོས་གཙོ་བོའི་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དང་སྔོན་ཐོན་ཞིང་འཕྲུལ་སྒྲིག་ཆས་དང་དེ་བཞིན་ལག་རྩལ་མགྱོགས་མྱུར་སྤྱོད་པར་སྐུལ་འདེད་གཏོང་རོགས་བྱས་པ་རེད། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་6608.14དོན་འཁྱོལ་བྱས་པའི་ཁྲོད། ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་མ་དངུལ་སྒོར་ཁྲི་5235.26དང་ཞིང་ཆེན་རིམ་པའི་ནོར་སྲིད་ནས་ཁ་གསབ་མ་དངུལ་སྒོར་ཁྲི་1372.88ཡོད། ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་ཞིང་འཕྲུལ་ཡོ་བྱད་སྣ་ཚོགས་8677ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱས་ནས་ཞིང་དུད་6016ལ་ཕན་པ་ཐོབ་སྟེ། ཞིང་པ་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.43གཏོང་བར་སྐུལ་ཁྲིད་བྱས་པ་རེད།
   ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་སྔར་བས་བདེ་འཇགས་དང་། ནུས་ཆེ། དམངས་ཕན། ཞིང་ཕན་བཅས་ཡོང་བར་འགན་ལེན་བྱ་ཆེད། “རང་བརྟེན་ངང་ཞིང་འཕྲུལ་ཉོ་སྒྲུབ་དང་། བཅད་གྲངས་ཁ་གསབ། སྔོན་ཉོ་རྗེས་གསབ། རྫོང་རིམ་པས་མཇུག་རྩིས། གཱ(དུད་ཚང)ཐད་གསབ”བཅས་ཀྱི་བྱེད་སྟངས་ལ་གཞིགས་ནས། ཁ་གསབ་མ་དངུལ་ཞིང་འབྲོག་དུད་ཚང་ངམ་ཡང་ན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་སྤྲད་ཡོད། དེ་དང་ཆབས་ཅིག“དྲ་སྦྲེལ+ཞིང་འཕྲུལ་ལས་སྒྲུབ”ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྩ་གཉིས་རྟགས་རིགས་མ་ལག་དང་། ལག་ཐོགས་ཁ་པར་གྱི་APP ཟོག་འབྲེལ་དྲ་རྒྱའི་ལས་སྟེགས་བཅས་བརྒྱུད། འཁོར་ཅན་འདྲུད་འཐེན་འཕྲུལ་འཁོར་དང་ལྕགས་ཐག་འདྲུད་འཐེན་འཕྲུལ་འཁོར་སོགས་ཞིང་འཕྲུལ་ཡོ་བྱད་རིགས་8ལ“གསུམ་གཅིག་སྒྲིལ”གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་ནས། ཁ་གསབ་སྲིད་ཇུས་ལག་བསྟར་སྟབས་བདེ་ཡོང་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།
   མིག་སྔའི་བར། ཞིང་ཆེན་ཡོངས་སུ་འདྲུད་འཐེན་འཕྲུལ་འཁོར་གྱི་བདག་ཡོད་གྲངས་ཚད་ཁྲི་25.92ཟིན་ཡོད། འབྲུ་རིཌ་མཉམ་འབྲེལ་རྔ་བསྡུ་འཕྲུལ་འཁོར་དང་། ཞོག་ཁོག་སྔོག་བསྡུ་འཕྲུལ་འཁོར། རྩི་ཤིང་སྲུང་སྐྱོང་གི་མི་མེད་མཁའ་འགྲུལ་ཡོ་བྱད་བཅས་བདག་ཡོད་གྲངས་འབོར་ཁྲི་0.40དང་། 0.41 125བཅས་སོ་སོར་ཟིན་ཡོད། སྔོན་དཔག་བྱས་ན། 2023ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་རྨོ་འདེབས་དང་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་68.5%ཡན་ཟིན་ནས་2022ལོ་ལས་བརྒྱ་ཆའི་གྲངས་0.7གྱིས་མཐོ་བ་ཡོད་པ་རེད།