འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཁྲེང་ལི་ཡུན་ལ་འདྲི་གཅོད་དང་པོར་དུས་བཀག་བཙོན་འཇུག་ལོ་10དང་ཟླ་6བྱེད་པའི་ཁྲིམས་ཐག་བཅད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་28ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་25ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚེས་24ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཁྲེང་ལི་ཡུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་དཔྱད་ཁྲ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ཁྲེང་ལི་ཡུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་དུས་བཀག་བཙོན་འཇུག་ལོ་10དང་ཟླ་6བྱེད་པ་དང་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་80བཅད་པ་དང་། ཁྲེང་ལི་ཡུན་གྱིས་ལྐོག་རྔན་བླངས་པའི་ཉེས་བསགས་ཐོབ་ཆ་ཚང་མ་ཁྲིམས་ལྟར་ཕྱིར་བླངས་ནས་ཡར་རྒྱལ་མཛོད་ལ་སྤྲོད་རྒྱུ་རེད།
     འདྲི་ཞིབ་བྱས་པ་བརྒྱུད། 2007ནས་2016ལོའི་བར། ཞུ་སྦྱོར་ཕྱི་མ་ཁྲེང་ལི་ཡུན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་དང་། མཚོ་སྔོན་ཞིང་ཆེན་ཚ་འདམ་རྒྱུན་འཁོར་དཔལ་འབྱོར་ཚོད་ལྟའི་ཁུལ་དོ་དམ་ཨུ་ལྷན་གྱི་ཆེད་འགན་ཀྲུའུ་རེན་གཞོན་པའི་འགན་འཁུར་རིང་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་ནས་སྔ་རྗེས་སུ་ཁྲིམས་དང་མི་མཐུན་པར་མི་གཞན་གྱི་ལག་ནས་མི་དམངས་ཤོག་སྒོར་ཁྲི་790བླངས་པ་རྩད་ཆོད་པ་རེད།
     ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཁྲེང་ལི་ཡུན་རྒྱལ་ཁབ་ཀྱི་ལས་དོན་པ་ཞིག་ཡིན་པའི་ཆ་ནས། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་པ་མ་ཟད། ད་དུང་མི་གཞན་གྱི་ལག་ནས་ཁྲིམས་དང་མི་མཐུན་པར་དངུལ་ཐེངས་མང་བླངས་པའི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་པའི་ཚད་དུ་སླེབས་པ་དང་། ལྐོག་རྔན་བླངས་པའི་དངུལ་གྲངས་ཀྱང་ཧ་ཅང་འབོར་ཆེན་ཡིན་སྟབས་ཁྲིམས་ལྟར་ཆད་པ་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། ཡིན་ན་ཡང་ཁྲེང་ལི་ཡུན་ཁྲིམས་རྒྱར་ཚུད་རྗེས་ལྟ་ཞིབ་ལས་ཁུངས་ཀྱིས་རྩད་ཆོད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང་རྩད་མ་ཆོད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་དོན་དངོས་ཀྱང་རང་འགུལ་ངང་ངོས་ལེན་ཞུས་པ་མ་ཟད། ད་དུང་ཆད་པ་དང་ལེན་བྱེད་འདོད་ཡོད་པ་དང་གྱོད་འབྲེལ་དངུལ་ཡང་ཚང་མ་ཕྱིར་བསློགས་པས། ཁྲིམས་ལྟར་ཆད་པ་ཡང་གཅོད་བྱེད་ཆོག་གི་ཡོད། ཞུ་སྦྱོར་ཕྱི་མ་ཁྲེང་ལི་ཡུན་གྱི་ཉེས་བསགས་དོན་དངོས་དང་། ངོ་བོ། ཚབས་ཆེ་ཆུང་། སྤྱི་ཚོགས་ལ་གནོད་པ་ཐེབས་ཤུགས་བཅས་ལ་གཞིགས་ནས་གོང་གསལ་གྱི་དཔྱད་ཁྲ་དེ་ཁྱབ་བསྒྲགས་བྱས་པ་རེད།