འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱིས“བྱང་གསུམ”ལས་གྲྭའི“བསམ་འཆར་གཅིག་དང་ ཇུས་གཞི་གཉིས”དངོས་སུ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་28ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་འཆར་ཟིན་བཀོད་པའི《བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)དང་། 《“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཆར་འགོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི(2021-2030ལོ་བར)》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)《རྨ་ནུབ་དོག་ལམ—ཐཱ་ཁེ་ལཱ་མཱ་ཀན་བྱེ་ཐང་མཐའ་སྣེར་འགོག་རྒོལ་དམག་འཐབ་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི(2024-2026ལོ་བར)》(གཤམ་དུ《བྱ་སྤྱོད་ཇུས་གཞི》ཞེས་བསྡུ་རྒྱུ)བཅས“བྱང་གསུམ”ལས་གྲྭའི“བསམ་འཆར་གཅིག་དང་ཇུས་གཞི་གཉིས”དངོས་སུ་བཀྲམ་པ་རེད།
     《ལག་བསྟར་བསམ་འཆར》ནང་། 2030ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་ཐུབ་པའི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད་67%ཡན་ཟིན་པ་དང་། བྱེ་འགྱུར་ས་ཆའི་རྒྱ་ཁྱོན་དང་ཚད་གཞི་རྒྱུན་མཐུད་ངང་ཆག་པ། བྱེ་རྡུལ་འབྱུང་ཁུངས་ཁུལ་གཙོ་བོ་དང་བྱེ་རྡུལ་འཚུབ་ལམ་ཁུལ་གྱི་བྱེ་རྡུལ་ལྡང་བའི་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ། གཙོ་གནད་བྱེ་ཁུལ་གྱི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། རྒྱལ་ཡོངས་དང་མཉམ་དུ“བྱང་གསུམ”གྱི་དུས་ཐེངས་དྲུག་པའི་དམིགས་ཚད་གཙོ་བོ་དུས་གཅིག་ཏུ་ལེགས་སྒྲུབ་བཅས་བྱ་རྒྱུ་ཁ་གསལ་བཏོན་ཡོད། མཚོ་སྔོན་གྱིས“2+1+12+N”ཡི་བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་བཀོད་སྒྲིག་འཆར་འགོད་གཏན་འཁེལ་བྱས་ནས། རྨ་ནུབ་དོག་ལམ—ཐཱ་ཁེ་ལཱ་མཱ་ཀན་བྱེ་ཐང་མཐའ་སྣེར་འགོག་རྒོལ་དམག་འཐབ་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ་དང“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཆར་འགོད་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་གཉིས་ཁ་གསལ་བཏོན་ཡོད་པ་རེད། མ་ལག་བཅོས་སྐྱོང་མཐའ་འཁྱོངས་དང་། མ་དངུལ་གྱི་འདེགས་སྐྱོར་ཤུགས་ཆེར་གཏོང་བ། ཆུའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན། ཚན་རིག་དང་མཐུན་པའི་ངང་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཀྱི་ཕན་འབྲས་འདོན་པ། རྣམ་གྲངས་ལ་དོ་དམ་ནན་པོ་བྱེད་པ་བཅས་ཀྱི་ལས་ཀའི་བླང་བྱ་ཁག་7བཏོན་ཡོད།
     《ལག་བསྟར་ཇུས་གཞིའི》ནང་། མཚོ་སྔོན་ཞིང་ཆེན་གྱི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་ཁུལ་དེ་ཟི་ལིང་དང་། མཚོ་ཤར། མཚོ་བྱང་། མཚོ་ལྷོ། མཚོ་ནུབ། རྨ་ལྷོ་བཅས་ཀྲོའུ(གྲོང་ཁྱེར)6གི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)31དང་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་35.62ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་51.13%ཟིན་ཡོད། 2030ལོར་སླེབས་སྐབས་བཅོས་སྐྱོང་ལས་འགན་བསྡོམས་མུའུ་ཁྲི་5089.68ལེགས་སྒྲུབ་བྱ་རྒྱུའི་ནང་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་མུའུ་ཁྲི་1314.01དང་གྲུབ་འབྲས་སྲ་བརྟན་གཏོང་ཚད་མུའུ་ཁྲི་3775.67ཟིན་ནས། རྒྱལ་ཡོངས་དང་མཉམ་དུ“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་དམིགས་ཚད་གཙོ་བོ་ལེགས་སྒྲུབ་བྱེད་པ་དང་། ཚྭ་འདམ་གཤོངས་ས་དང་གསེར་ཆེན་གཞོང་ས་བྱེ་འགོག་བྱེ་བཅོས་ཀྱི་གཡུལ་ས་གཙོ་བོར་བྱས་ནས་ལྟེ་བའི་འགག་སྒྲོལ་ཁུལ་གྲུབ་པ་དང་། ལྟེ་བའི་འགག་སྒྲོལ་ཁུལ་གྱི་རྨང་གཞིའི་ཐོག《རྒྱལ་ཡོངས་ཀྱི་གལ་ཆེའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་འགངས་ཆེན་གྱི་སྤྱི་ཡོངས་འཆར་འགོད་2021—2035ལོ་བར)》སོགས་འཆར་འགོད་གལ་ཆེན་དང་སྦྲེལ་མཐུད་གང་ལེགས་བྱས་ནས་སྐྱེ་ཁམས་གནས་བབ་གལ་ཆེན་དང་། བྱེ་འགོག་བྱེ་བཅོས། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ལས་འགན་ཅུང་ལྕི་བ་བཅས་ཀྱི་ས་ཁོངས་སྔོན་ལ་བདམས་ནས་མཐུན་སྦྱོར་སྐུལ་འདེད་ཁུལ་བཀོད་སྒྲིག་བྱེད་པ་བཅས་གསལ་པོ་བཏོན་ཡོད།
     《བྱ་སྤྱོད་ཇུས་གཞིའི》ནང་། འགོག་རྒོལ་ཁུལ་གྱི་ཁྱབ་ཁོངས་ནི་རྨ་ནུབ་དོག་ལམ—ཐཱ་ཁེ་ལཱ་མཱ་ཀན་བྱེ་ཐང་མཐའ་སྣེར་འགོག་རྒོལ་དམག་འཐབ་ཀྱི་ཡུག་ཁུལ་གྱི་ལྟེ་བའི་འགག་སྒྲོལ་ཁུལ་མཚོ་ནུབ་ཀྲོའུ་དང་མཚོ་ལྷོ་ཀྲོའུ་ཡི་རྫོང(གྲོང་ཁྱེར་དང་སྲིད་འཛིན་ཨུ་ལྷན)9ཡིན་པ་དང་། མཐུན་སྦྱོར་སྐུལ་འདེད་ཁུལ་ནི་མཚོ་བྱང་ཀྲོའུ་དང་མཚོ་ནུབ་ཀྲོའུ་ཡི་རྫོང་3ཡིན་པར་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་34.15ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་49.02%ཟིན་ཡོད། དེའི་ནང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་9.86ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་14.15%ཟིན་ཡོད། 2026ལོར་སླེབས་སྐབས། བྱེ་འགྱུར་ས་ཆ་མུའུ་ཁྲི་402.76ཕྱོགས་བསྡུས་བཅོས་སྐྱོང་ལེགས་སྒྲུབ་བྱེད་པ་དང་། བྱེ་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་ཁེབས་ཚད་2.26%འཕར་བ། ལས་གྲྭའི་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་ཁེབས་ཚད་42.25%ཡན་ཟིན་པ། བཅོས་སྐྱོང་བྱེད་ཆོག་པའི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད་67.4%ཟིན་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
     (བསོད་བདེ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)