འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱིས་སྐམ་སའི་ས་ཁོངས་ཀྱི་ཆུ་ཚང་མར་ཆུའི་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་དཔྱད་བྱེད་ཀྱི་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་ལོ་3གྱི་དུས་ཡུན་སྤྱད་དེ་སྐམ་སའི་ས་ཁོངས་ཀྱི་ཆུ་ཚང་མར་ཆུའི་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་དཔྱད་བྱས་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བཞིན་རང་བྱུང་ཐོན་ཁུངས་དོ་དམ་བཅས་ལ་རྨང་གཞིའི་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།
     ཚེས་24ཉིན་གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་བརྟག་དཔྱད་བྱེད་སྐབས་རྒྱལ་ཁབ་ས་ཆར“བརྟག་དཔྱད་གསུམ”དང་ལོ་འཁོར་གྱི་རྒྱལ་ཁབ་ས་ཆ་འགྱུར་ལྡོག་བརྟག་དཔྱད་ཀྱི་གྲུབ་འབྲས་གཅིག་གྱུར་རྨང་གཞིར་བྱས་ནས་རང་རྒྱལ་གྱི་སྐམ་སའི་ས་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཁྱབ་ཁོངས་ཀྱི་ཆུ་ཚང་མ(གཤེར་གཟུགས་ཆུ་དང་སྲ་གཟུགས་ཆུ་དང་། ཚྭ་མེད་ཆུ་དང་ཚྭ་ཆུ། ས་ངོས་ཆུ་དང་ས་འོག་ཆུ)བརྟག་དཔྱད་བྱ་ཡུལ་དུ་བརྩིས་ཏེ། རང་བྱུང་ཐོན་ཁུངས་ཀྱི་ཐད་ནས་བརྟག་དཔྱད་བྱེད་ཀྱི་ཡོད་ཅིང་། ལས་འགན་གཙོ་བོའི་གྲས་སུ་ཆུ་ཁོངས་ཀྱི་བར་མཐོངས་ལ་བརྟག་དཔྱད་དང་། ཆུ་གསོག་ཚད་ལ་བརྟག་དཔྱད། ཆུའི་ཐོན་ཁུངས་ལ་བརྟག་དཔྱད། ཆུའི་ཐོན་ཁུངས་གསོག་ཚད་ལ་བརྟག་དཔྱད། ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་ལ་བརྟག་དཔྱད། ལོ་འཁོར་གྱི་འགྱུར་ལྡོག་ལ་བརྟག་དཔྱད། ཆུའི་ཐོན་ཁུངས་ལ་ཆེད་དོན་བརྟག་དཔྱད་གདེང་འཇོག་སོགས་ཚུད་ཡོད་པ་རེད།
     རང་བྱུང་ཐོན་ཁུངས་པུས《ཆུའི་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་དཔྱད་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཆུའི་ཐོན་ཁུངས་ནི་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། ས་གནས་ཁག་དང་ཚན་པ་ཁག་གིས་ད་ཐེངས་ཀྱི་བརྟག་དཔྱད་རང་བྱུང་ཐོན་ཁུངས་ཀྱི“གཅིག་གྱུར་གཉིས”ཀྱི་འགན་འཁྲི་སྒྲུབ་པའི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས། 2024ལོ་ནི་ཆུའི་ཐོན་ཁུངས་ཀྱི་རྨང་གཞིར་བརྟག་དཔྱད་བྱེད་པའི་འགག་རྩའི་ལོ་གཅིག་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལག་བསྟར་ཇུས་གཞི་བཟོ་དགོས་པ་དང་། རང་བྱུང་ཐོན་ཁུངས་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རྒྱལ་ཁབ་ས་ཆ་བརྟག་དཔྱད་དང་། ཐིག་ལེན་རིས་འབྲི། ས་གཤིས་བརྟག་དཔྱད་སོགས་དཔུང་ཁག་གི་སྟོབས་ཤུགས་བཏོན་ཏེ་ཆུ་བེད་དང་། སྐྱེ་ཁམས་ཁོར་ཡུག གནམ་གཤིས་སོགས་སྡེ་ཚན་དང་འབྲེལ་གཏུག་འབྲེལ་མཐུད་བྱས་ཏེ་སྤུས་ཚད་ཀྱི་མྱུར་ཚད་འགན་ལེན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིར་ཤུགས་སྣོན། གསང་འབྲེལ་གྲངས་གཞིའི་དཔྱད་ཡིག་བདེ་འཇགས་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
     (པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)