འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་ལོར་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་500ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་TV9845དུས་གཏན་གནམ་གྲུ་བདེ་འཇགས་ངང་བབས་པ་དང་ཆབས་ཅིག ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་ལོ་རེར་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་500ཡན་ཐོག་མར་ཟིན་ཏེ། བོད་ཀྱི་ཤོ་གཟུགས་འགྲིམ་འགྲུལ་ཁྲོད་ཀྱི“མཁའ་དབྱིངས་གསེར་ཟམ”ལྟ་བུའི་དམིགས་བསལ་གྱི་ནུས་པ་མངོན་གསལ་ཇེ་དོད་དུ་ཕྱིན་ཡོད།
     ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནི་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་སྐར་ཁུང་གལ་ཆེན་ཞིག་རེད། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་2006ལོར་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་100ཡན་ཐོག་མར་ཟིན་པ་དང་། 2013ལོར་མི་ཐེངས་ཁྲི་200ཡན་ཟིན་པ། 2016ལོར་མི་ཐེངས་ཁྲི་300ཡན་ཟིན་པ། 2018ལོར་མི་ཐེངས་ཁྲི་400ཡན་ཟིན་ཡོད།
     ས་མཐོའི་གནམ་ཐང་ཞིག་གིས་ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་ཤིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3422.34ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་69.30%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་423.79ཟིན་པ་ལོ་གོང་མའི་དུས་མཚུངས་ལས་46.71%འཕར་ཡོད། དེ་དང་ཆབས་ཅིག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་ཟོག་འགྲེམས་དང་མྱུར་སྐྱེལ་ཀུང་སི་17དང་སྐྱེལ་འདྲེན་གྲོས་མཐུན་ཡི་གེ་བཞག་སྟེ། རྒྱ་ཆེའི་མང་ཚོགས་ལ་སྟབས་བདེའི་ཞབས་འདེགས་སྔར་ལས་ལྷག་པ་ཞུས་དང་ཞུ་མུས་རེད། “ད་ཆ་བོད་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ་ཉིན་གང་ཡོད་ལ་དུས་ཐོག་ཏུ་འབབ་འཕུར་བྱེད་ཚད་ཀྱང་ཧ་ཅང་མཐོ་པོ་འདུག སྐུ་མགྲོན་གྱིས་དེ་རིང་དགོང་མོར་མངགས་པའི་མཚོ་ཟས་ཉིན་གཉིས་པའི་ཉིན་གུང་ལ་འབྱོར་གྱི་འདུག”ཅེས་ལྷ་སར་མཚོ་ཟས་སོས་པའི་ཚོང་རྒྱག་མཁན་ཚོང་པ་ཁྲེན་ཁྲའོ་ཡིས་བཤད།
     ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་གནམ་ཐང་ས་ཁོངས་ཀྱི་འགག་རྩའི་ནུས་པ་མངོན་གསལ་དོད་དུ་བཏང་བ་དང་། རང་འགུལ་ངང་ས་གནས་ཀྱི་རེ་འདུན་ཉན་པ། མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་ར“ནུབ་ཕྱོགས་སུ་འཕུར་བ”དང“མཐོ་སར་འཕུར་བའི”འཕེལ་ཕྱོགས་དང་བསྟུན་པ། མཁའ་འགྲུལ་དྲ་རྒྱའི་ཁྱབ་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། ཕྱི་ཕྱོགས་སུ་ཤར་གཏོང་ཐུབ་ནུས་ཆེ་རུ་བཏང་བས། ལྷོ་ནུབ་དང་ནུབ་བྱང་ས་ཁུལ་གཙོ་བོར་བྱས་པ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གཙོ་བོར་ཁྱབ་པའི་མཁའ་འགྲུལ་དྲ་བ་རིམ་བཞིན་ཆགས་ཡོད།
     མིག་སྔར། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་68ཡོད་པ་ལས། ལྗོངས་ནང་ཁུལ་དུ་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་5དང་། ལྗོངས་ཕྱིར་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་62 རྒྱལ་སྤྱིར་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་1བཅས་ཡོད། མཁའ་ལམ་135བཏོད་པ་ལས། རྒྱལ་ནང་གི་མཁའ་ལམ་134དང་རྒྱལ་སྤྱིའི་མཁའ་ལམ་1ཡོད།
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་བ་ཕུར་སྒྲོན་གྱིས་ཞུས)