འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་དང་པོ་ནས་ཟླ་བཅུ་པའི་ཟླ་མཇུག་བར་ཉི་ནུས་གློག་གཏོང་སྒྲིག་ཆས་ནས་གློག་གཏོང་ཚད་དུས་མཚུངས་ལས་47%འཕར་བ།

——རླུང་ནུས་གློག་གཏོང་སྒྲིག་ཆས་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་4ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་26ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་མཚོ་བོད་ས་མཐོའི་འོད་ཤུགས་རྣམ་གྲངས་ཏེ། ཧྭ་གློག་བོད་ལྗོངས་ཚེ་སྤོང་འོད་ཤུགས་རྣམ་གྲངས་ཀྱིས་ཕྱོགས་ཡོངས་ནས་ཐོན་སྐྱེད་ཀྱི་དམིགས་ཚད་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ལོ་ལྟར་ཆུ་ཚོད་ཆན་ཝ་ཁྲི་9000ལྷག་ཙམ་ཟིན་པའི་ནུས་རྒྱུ་གཙང་མའི་གློག་ནུས་མཁོ་འདོན་བྱས་ཏེ་ས་གནས་དེ་གའི་དགུན་དཔྱིད་གཉིས་ཀྱི་ཆུ་ཆུང་བའི་དུས་སུ་གློག་དཀོན་པའི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་ཐུབ་རྒྱུ་རེད།
     ཟླ་8པར་རིམ་རྩིས་བྱས་ན་ཉི་ནུས་གློག་གཏོང་སྒྲིག་ཆས་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་5ཟིན་པ་དང་། ཟླ་9པར་རིམ་རྩིས་བྱས་ན་རླུང་གློག་སྒྲིག་ཆས་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་4ཟིན་ཏེ་ནུས་རྒྱུ་གསར་པ་འཕེལ་རྒྱས་ཀྱི་གཏམ་བཟང་རྒྱུན་ཆད་མེད་པར་གྲགས་ཡོད། ཟླ་11ཚེས་20ཉིན། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་10པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་28.1ཙམ་ཟིན་ཡོད། དེའི་ནང་ཉི་གློག་དང་རླུང་གློག་སྒྲིག་ཆས་ནས་གློག་གཏོང་ཚད་དུས་མཚུངས་ལས་47%དང་15.6%སོ་སོར་འཕར་ནས་བསྡོམས་འབོར་ཆན་ཝ་དུང་ཕྱུར་9.4ཙམ་ཟིན་པ་དེ་འབྲི་ཆུའི་འགག་གསུམ་གློག་ཁང་41ཙམ་གྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་དང་ཧ་ལམ་མཚུངས་ཀྱི་ཡོད་པ་རེད།
     ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་གློག་གཏོང་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་6621བཏང་བ་དང་། དེའི་ནང་ཉི་གློག་ལ་སྒོར་དུང་ཕྱུར་2694བཏང་བ་དེ་དུས་མཚུངས་ལས་71.2%འཕར་བ་དང་། རླུང་གློག་ལ་སྒོར་དུང་ཕྱུར་1717བཏང་བ་དེ་དུས་མཚུངས་ལས་42.5%འཕར་ཞིང་། རྒྱལ་ཁབ་ནུས་རྒྱུ་ཅུས་ནུས་རྒྱུ་གསར་པ་དང་བསྐྱར་སྐྱེས་ནུས་རྒྱུ་སིའི་སི་ཀྲང་ལི་ཁྲོང་ཅུན་གྱིས“ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་ལ་དམིགས་ནས། རླུང་གློག་དང་འོད་ཤུགས་སོགས་ཀྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། འཁོར་སྐྱོད་སྤུས་ཚད་ལེགས་པ། བེད་སྤྱོད་ཆུ་ཚད་མཐོ་བ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད”ཅེས་བརྗོད་པ་རེད། (བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)