འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་ཀྱི་རྒྱང་ལྟ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་26ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་24ཉིན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ལས་དོན་སྐུལ་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་དང་ཏན་ཏིག་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཕུགས་འདུན་དང་བྱ་སྤྱོད—“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་ཀྱི་རྒྱང་ལྟ》ཁྱབ་བསྒྲགས་བྱས་པའི་ནང་འབྱུང་འགྱུར་ལོ་བཅུར་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཕུགས་འདུན་བསམ་ཕྱོགས་དང་དངོས་སྒྲུབ་བྱ་སྤྱོད་ཀྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཡོད།
     སྙན་ཞུ་དེར་ཡིག་འབྲུ་ཁྲི་1.3ཙམ་ཡོད་པ་དང་སྔོན་འགྲོའི་གཏམ་ཕུད་ཁྱོན་ཆ་ཤས་ཁག་5ཡོད་པ་སྟེ། ལོ་བཅུའི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲུབ་འབྲས་དང་བློ་འབྱེད་དང་། འབྱུང་འགྱུར་ལོ་བཅུའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤྱིའི་བསམ་ཚུལ། འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཁ་ཕྱོགས། འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་ཀྱི་ཐབས་ལམ་དང་བྱེད་ཐབས་དང་རྒྱང་ལྟ་བཅས་རེད།
     སྙན་ཞུའི་ནང་བཏོན་དོན། ཀྲུང་གོས་ཕྱོགས་ཁག་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་ཁྲོད་དུ“སྤྱི་འདོམས་ལྔ”ཡག་པོ་བྱེད་པར་སྣང་ཆེན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་སྟེ། རྒྱུན་འཛིན་དང་གསར་གཏོད་ལ་སྤྱི་འདོམས་དང་། སྲིད་གཞུང་དང་ཁྲོམ་རར་སྤྱི་འདོམས། ཕྱོགས་གཉིས་དང་ཕྱོགས་མང་ལ་སྤྱི་འདོམས། གཞི་ཁྱོན་དང་ཕན་འབྲས་ལ་སྤྱི་འདོམས། དེ་བཞིན་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བཅས་རེད། སྙན་ཞུའི་ནང་ད་དུང་བཏོན་དོན། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་གསུམ་མཐའ་འཁྱོངས་དང་། སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་གསུམ་མཐའ་འཁྱོངས། ཚད་གཞི་མཐོ་པོ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་ཆོག་པ་སོགས་ཀྱི་རྩ་དོན་གྱི་འདུ་ཤེས་མཐའ་འཁྱོངས་བཅས་བྱེད་དགོས།
     འཕེལ་རྒྱས་ཀྱི་དམིགས་ཚད་ཐད་སྙན་སྒྲོན་ནང་བཏོན་དོན། འབྱུང་འགྱུར་ལོ་བཅུ་ཙམ་གྱི་དུས་ཚོད་ནང་ཕྱོགས་ཁག་གིས་འདྲ་མཉམ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དམིགས་ཚད་ཕྱོགས་སུ་བསྐྱོད་དེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་རེད། དམིགས་ཚད་ཆེན་པོ་ལྔའི་གྲས་སུ་ཚུད་པ་ཞིབ་ཕྲ་བརྗོད་ན། ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱ་དེ་བས་ཤར་གཏོང་ཐུབ་པ་དང་ལས་ཕྱོད་ཆེན་པོ་ཡོང་བ་བྱེད་རྒྱུ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་རྒྱུ། མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་འགྲོ་བར་བྱེད་རྒྱུ། ཀྲུང་གོའི་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཞི་རྩའི་ཆ་ནས་གྲུབ་པར་བྱེད་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་རྒྱུ་བཅས་རེད།
     སྙན་ཞུའི་ནང་ད་དུང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འབྱུང་འགྱུར་ལོ་བཅུའི་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཁ་ཕྱོགས་གསལ་པོ་བཏོན་པ་སྟེ། སྲིད་ཇུས་འབྲེལ་གཏུག་ཐད། ཕྱོགས་མང་པོའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རིམ་པ་མང་བའི་སྲིད་གཞུང་དབར་གྱི་སྲིད་ཇུས་སྤེལ་རེས་དང་འབྲེལ་མཐུད་ལམ་སྲོལ་བཙུགས་ཏེ། སྒྲིག་སྲོལ་དང་ཚད་གཞི་སྦྲེལ་མཐུད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། སྒྲིག་བཀོད་སྦྲེལ་མཐུད་ཐད། སྐམ་སའི་བགྲོད་ལམ་སྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་མཚོ་ཐོག་ཕན་ཚུན་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། “མཁའ་ཐོག་དར་གོས་ལམ་བུ”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་ནུས་ཆེའི་སྦྲེལ་མཐུད་ལ་སྐུལ་སྤེལ་གཏོང་རྒྱུ། ཉོ་ཚོང་ཤར་གཏོང་ཐད། གོ་ལ་ཧྲིལ་པོའི་ཚོང་དོན་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱོགས་གཉིས་པོའི་མ་འཇོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མ་དངུལ་འཁོར་རྒྱུག་ཐད། དངུལ་རྩའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་དང་མ་དངུལ་བསྡུ་སྒྲིལ་བྱེད་ལམ་གསར་པ་རྒྱ་སྐྱེད་གཏོང་རྒྱུ། དམངས་སེམས་གཅིག་མཐུན་ཐད། སློབ་གསོ་གསོ་སྦྱོང་མཉམ་ལས་ལ་ཤུགས་སྣོན་དང་། རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན། སྲིད་ཏང་དང་དམངས་ཁྲོད་རྩ་འཛུགས་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན། སྨྱན་སྦྱོར་དང་ཇུས་འདོན་ཚོགས་པའི་མཉམ་ལས་ལ་ཤུགས་སྣོན་བཅས་རྒྱག་རྒྱུ། ཁྱབ་ཁོངས་གསར་པའི་མཉམ་ལས་ཐད།“རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་མགྱོགས་མྱུར་བཏོད་དེ། “རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་མཐོ་ས་གསར་པ་གཏོད་རྒྱུ་དང་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་ཧུར་ཐག་གཏོང་རྒྱུ་བཅས་རེད།
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་བ་ཕུར་སྒྲོན་གྱིས་ཞུས)