འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》(སི་རྒྱ་ཤན་སྦྱར)ཀྱི་གོ་ལ་ཧྲིལ་པོའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་མ་ཏེ་རིར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་25ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། 《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》(སི་རྒྱ་ཤན་སྦྱར)ཀྱི་གོ་ལ་ཧྲིལ་པོའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང“གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པའི་མིའི་རིགས་ཀྱི་བློ་གྲོས”སྤེལ་རེས་བགྲོ་གླེང་ཚོགས་འདུ་ཚེས་22ཉིན་སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་རེད།
     སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཧོ་སའེ·ལུའུ་དབྱི་སི·སེན་ཐེ་ལི་ཡཱ་དང་། སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཆུས་ཤུན་སོགས་སྐུ་མགྲོན་བྱེད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཁྱབ་ཁོངས་ཀྱི་ཀྲུང་སིའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། མཐུན་ཚོགས་ཀྱི་འགན་འཁུར་བ། ཀྲུང་ཧྭའི་གྲོགས་པོ་སོགས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
     སེན་ཐེ་ལི་ཡཱ་ཡིས། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པ་ནི་རྒྱལ་ཁབ་ཚང་མའི་འགན་འཁྲི་རེད། འོན་ཀྱང་ལག་བསྟར་བྱེད་པའི་ཐད་ཚད་གཞི་གཅིག་གྱུར་ཞིག་མེད། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་སོ་སོའི་རྒྱལ་བབ་དང་འཚམ་དགོས། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོ་རེད། ཀྲུང་གོས་གྲོང་གསེབ་དང་རྗེས་ལུས་ཐེབས་ཤོས་ཀྱི་ས་ཁུལ་ཁག་ལ་དམིགས་བསལ་དོ་སྣང་བྱས་པས་མི་མང་པོ་དབུལ་ཕོངས་ལས་བསྒྲལ་ནས་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་ཡོད། གཞི་རྩའི་དགོས་མཁོར་འགན་ལེན་བྱུང་བ་དང་བསྟུན་ནས། འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པར་གྱུར་ཏེ། ཀྲུང་གོ་མི་དམངས་ལ་དེ་བས་འདྲ་མཉམ་དང་། དམངས་གཙོ། དྲང་བདེན། བདེ་འཇགས་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད་ཅེས་བརྗོད་པ་རེད།
     སི་ཕེན་གྱི་ཀྲུང་ཧྭ་ཤེས་རྟོགས་འཆད་སྟེགས་ཆེན་པོའི་ཅིང་ལི་དང་སྒྲིག་གཞིའི་འབྲེལ་བའི་ཀྲུའུ་རེན་གཅིག་ལྕོགས་མར་ཐཱ·མོང་ཐུའོ་ལུའོ་ཡིས། 《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ནི་ནང་དོན་ཕུན་སུམ་ཚོགས་ལ་དགོངས་པ་གཏིང་ཟབ་པའི་རྣམ་བཤད་དབང་གྲགས་ལྡན་པ་ཞིག་རེད་ལ། དེས་འཛམ་གླིང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་ཐད་ཀྱི་ཀྲུང་གོའི་འདུ་ཤེས་དང་ལག་ལེན་བསྟན་ཡོད་པའི་ངོས་འཛིན་བྱས་པ་རེད།
     སི་ཕེན་གྱི་ཀྲུང་ཧྭའི་མཛའ་གྲོགས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་མཐུན་ཚོགས་འཛུགས་མཁན་ཚོགས་གཙོ་ཨན་ཏུང་ཉི་ཨའོ·སའེ་ཀུའུ་ལཱ་ཡིས། རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བར་སྤྱི་དམངས་ཀྱི་འཚོ་བ་འགན་ལེན་བྱེད་པའི་དུས་བདེ་ཞོད་འཇགས་དང་། བདེ་འཇགས། སྐྱིད་སྣང་། བདེ་ཐང་སོགས་ཚུད་པའི་ཁས་ལེན་མང་པོ་བྱས་ཡོད། ཡིན་ན་ཡང་དེབ་འདིའི་ནང་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་ཇི་ལྟར་བྱེད་ལུགས་ལ་ལན་གསལ་པོ་བརྒྱབ་འདུག་ཅེས་བརྗོད་པ་རེད།
     ཆུས་ཤུན་གྱིས་ཤིས་ཚིག་སྒྲོན་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པ་དེ་རྒྱལ་སྲིད་སྐྱོང་བའི་ལས་དོན་གལ་ཆེན་ཞིག་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཞིང་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་ཡོད་པས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ལོ་ནི་ཀྲུང་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་རེད། དུས་རབས་ཕྱེད་ཀའི་ནང་། ཀྲུང་སིའི་འབྲེལ་བ་སྐྱོན་བྲལ་བདེ་བླག་ངང་འཕེལ་རྒྱས་ཕྱིན་པའི་རྩ་བ་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་སྒོ་ནས་ཕྱི་འབྲེལ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་པ་དང་། རིག་གནས་མི་འདྲ་བ་དང་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་མཛའ་གྲོགས་མཉམ་གནས་ཀྱི་ཡང་དག་པའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པར་ཐུག་ཡོད། འཛམ་གླིང་ཐོག་གང་དུ་སྤྱད་ནའང་འཕྲོད་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་མེད། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་ཡག་ཤོས་ཟེར་བ་མེད་པས་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
     《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཀྱི་རྒྱ་ཡིག་པར་མ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། ཆེད་དོན་9ལ་དབྱེ་ཡོད་པའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པར་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏུས་ཡོད། དེབ་དེའི་དབྱིན་རྒྱ་ཤན་སྦྱར་དང་། སི་རྒྱ་ཤན་སྦྱར། ཧྥ་རྒྱ་ཤན་སྦྱར། ཨུ་རྒྱ་ཤན་སྦྱར། རི་རྒྱ་ཤན་སྦྱར་བཅས་ཀྱི་པར་མ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་བསྒྱུར་པ་དང་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་རེད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། ཚེ་དབང་ལྷ་མོས་ཞུས)