འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་སྣུམ་ཞིང་ལ“རིག་ལྡན”ལས་ཡུལ་ཁག་དང་པོ་བདེ་བླག་ངང་འཁོར་སྐྱོད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་21ཉིན་གསར་འགོད་པར་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་སྣུམ་ཞིང་ལ“རིག་ལྡན”ལས་ཡུལ་ཁག་དང་པོའི་རྣམ་གྲངས་2དོན་འཁྱོལ་བྱས་ཤིང་། ཨར་ལས་བྱ་ཡུལ་དུ་རྒྱང་རིང་ལྟ་འདོམས་དང་། བདེ་འཇགས་སྒྲིག་འགལ་བྱེད་སྤྱོད་ལ་AIཡིས་ངོས་འཛིན་བྱེད་པ། འགན་གཙང་ལེན་མཁན་ཚོང་པའི་རང་མིང་འགོད་པ་དང་ལས་ཞུགས་ཞིབ་བཤེར་དོ་དམ། ཁོར་ཡུག་ལ་གཞིགས་ནས་དོ་དམ་བཀའ་རྒྱ་གཏོང་བ་སོགས་ཀྱི་བྱེད་ནུས་བཀོད་སྒྲིག་བྱས་ཚར་ཞིང་། དེའི་དབྱིང་ཏུང་སྣུམ་ཞིང་གི་ས་ངོས་མ་ལག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བའི་ལས་གྲྭ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། སེ་པེ་སྣུམ་ཞིང་གསར་སྤེལ་ལེགས་སྒྲིག་རྣམ་གྲངས་ཀྱི་ས་ཁུལ་གློག་དྲ་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་80%ལེགས་སྒྲུབ་བྱས་ཟིན་ཡོད།
     “རིག་ལྡན”ལས་ཡུལ་ནི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་དོ་དམ་བྱེད་པའི་རྣམ་པ་གསར་རྐྱང་ཞིག་ཡིན་ཞིང་། དེས་དྲ་སྦྲེལ་དང་། ཟོག་འབྲེལ་དྲ་རྒྱ། ཚོར་ཆས། གྲངས་གཞི་ཆེན་པོ་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་གང་ལེགས་སྤྱད་དེ་སྣ་མང་རྙོག་འཛིང་ཆེ་བའི་ཡུལ་དངོས་དོ་དམ་དེ་གོ་རིམ་ལྡན་པའི་ལས་སྒོའི་དོ་དམ་དུ་བསྒྱུར་ཡོད། “རིག་ལྡན་ལས་ཡུལ་བཙུགས་པ་དེ་ནི‘མིའི་འགོག་ཟོན་+ལག་རྩལ་འགོག་ཟོན’གྱི་དོ་དམ་རྣམ་པ་བརྒྱུད། ཉེན་ཁ་ཆེ་བའི་ལས་ཀ་དང་དེ་བཞིན་ཚད་ལྡན་ཅན་གྱི་ཨར་ལས་ཀྱི་འགག་རྩའི་ལས་རིམ་གྱི་སྤུས་ཚད་ཚོད་འཛིན་བྱེད་གནས་ལ་རྒྱང་རིང་ནས་སྐོར་ཞིབ་བྱེད་པ་ཞིག་ཡིན་པས། ལྟ་སྡོམ་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་གཏོང་ཐུབ”ཅེས་སྣུམ་འདོན་བཟོ་གྲྭ་ལྔ་པའི་ཐོན་སྐྱེད་འགན་ལེན་ལྟེ་གནས་ཀྱི་ཚའོ་པིང་ལིན་གྱིས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རིག་ལྡན་ལས་ཡུལ་མ་ལག་བཙུགས་པ་དེས་འགན་གཙང་ལེན་མཁན་ཚོང་པར་བརྒྱུད་རིམ་ཧྲིལ་པོའི་ཆ་འཕྲིན་ཅན་གྱི་དོ་དམ་བྱེད་ཐུབ་ལ། ཨར་ལས་བྱ་ཡུལ་གྱི་མི་སྣའི་གྲངས་འབོར་དང་། ལས་གནས་ལས་རིགས། འཛུལ་ཐོན་གྱི་དུས་ཚོད་བཅས་ལ་རང་འགུལ་ངང་བསྡོམས་རྩིས་དང་དབྱེ་ཞིབ་བྱས་ཏེ་ཨར་ལས་རུ་ཁག་དང་མི་སྣའི་འགུལ་རྣམ་གྱི་ཆ་འཕྲིན་ལ་སྐབས་བབ་ཚོད་འཛིན་བྱེད་ཐུབ། མ་ལག་དེས་ད་དུང་ཡུལ་དངོས་ཀྱི་PMཚད་གཞི་དང་། འཛེར་སྒྲ། དྲོད་ཚད། བཞའ་ཚན། རླུང་འགྲོས། རླུང་ཤུགས། རླུང་ཕྱོགས་སོགས་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱས་ཏེ་ལས་ཀའི་ཉེན་ཁ་ཆུང་དུ་ནུས་ལྡན་བཏང་ནས་ལས་གྲྭའི་རྣམ་གྲངས་ཀྱི་མ་འཇོག་དང་། འཛུགས་སྐྲུན་གྱི་སྤུས་ཚད། ཨར་ལས་ཀྱི་འཕེལ་རིམ། འཁོར་སྐྱོད་བདེ་འཇགས་སོགས་ལ་ཕྱོགས་ཡོངས་ནས་ཚོད་འཛིན་ཐུབ་པར་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)