འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ལོ་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཐོན་རྫས་དྲ་རྒྱའི་ཕྱིར་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་12ལྷག་ཙམ་ཟིན་བཟོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་དོན། ཉེ་བའི་ལོ་ཤས་རིང་། དྲ་ཐོག་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག ཐད་གཏོང་དྲ་ཐོག་ཚོང་དོན་དང་། བརྙན་ཐུང་དྲ་ཐོག་ཚོང་དོན། སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་སོགས་དུས་རབས་ཀྱི་ཁྱད་ཆོས་མངོན་པའི“དྲ་ཐོག་ཚོང་དོན་གྱི་རྣམ་པ་གསར་པ”ཁག་གཅིག་དར་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་འཕེལ་རྒྱས་མགྱོགས་མྱུར་སོང་སྟེ་མཚོ་སྔོན་གྱི་ཞིང་འབྲོག་ལས་རིགས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་དྲ་རྒྱའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་11.3ཟིན་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་12.84ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་25%ཙམ་འཕར་རྒྱུ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ལ་དམིགས་ནས་འབྲི་གཡག་དང་། བོད་ལུག ནས། པད་ཁ། གྲོ་བཅས་ཐོན་ལས་ཚོ་འདུས་འཕེལ་རྒྱས་གོ་སྐབས་སུ་བྱས་ནས་སྲིད་གཞུང་གི་རྣམ་གྲངས་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་ཞུགས་པར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ། དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད། མཚོ་ཤར་ཧོ་ཧོང་ཁུལ་གསར་དུ་མཚོ་སྔོན་ཞིང་ནགས་འབྲོག་ལས་ཚོང་ཟོག་ཉོ་ཚོང་ལྟེ་གནས་དང་། མཚོ་སྔོན་འཚེམ་དྲུབ་གྲངས་འཛིན་ཅན་གྱི་སྤྱི་ཁྱབ་པུའི་དཔལ་འབྱོར་རྟེན་གཞི། འཐེན་ཐུག་གྲངས་འཛིན་ཅན་གྱི་སྤྱི་ཁྱབ་པུའི་དཔལ་འབྱོར་རྟེན་གཞི་བཅས་བསྐྲུན་ནས་གྲངས་གཞི་ཆེ་མོའི་སྤྲིན་རྩིས་དང་། 5Gཟོག་འགྲེམས་དྲ་སྦྲེལ། དེ་བཞིན་AIབདེན་རྫུན་དབྱེ་འབྱེད་དང་རྫུན་འགོག་སོགས་ཀྱི་ལག་རྩལ་གང་ལེགས་སྤྱད་དེ“མཚོ་སྔོན་གྱི་དངོས་ཟོག”མཚོ་སྔོན་ནས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
     ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོས་དྲ་སྦྲེལ་གཉེར་སྐྱོང་གོང་འཕེལ་ལ་སྐུལ་མ་བཏང་སྟེ། ཐའོ་པའོ་དང་། ཅིང་ཏུང་སོགས་དྲ་ཐོག་ཚོང་དོན་གྲགས་ཅན་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ཅིང་ཏུང་གིས་གཉེར་སྐྱོང་བྱེད་པའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁང་བསྐྲུན་ཡོད། མིག་སྔའི་བར་ཞིང་ཆེན་ནང་ཁུལ་དུ་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་10ལྷག་ཙམ་བཙུགས་པ་དང་། ཞིང་འབྲོག་ཁེ་ལས་དང་དྲ་ཐོག་ཚོང་ཁང་ཟུང་འབྲེལ་དང་། ཞིང་འབྲོག་ཁེ་ལས་དང་། གཉེར་སྐྱོང་ཚོང་པ། ལས་སྟེགས་བཅས་ཟུང་འབྲེལ། ཞིང་འབྲོག་དུད་ཚང་དང་ཕྱོགས་གསུམ་པའི་ལས་སྟེགས་ལས་གཏོད་ཟུང་འབྲེལ་སོགས་ཀྱི་རྣམ་པ་གསར་པ་ཐོན་ནས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྤུས་རྟགས་འོས་སྦྱོར་དང“དྲ་སྦྲེལ”ཚོང་གཉེར་ལ་རམ་འདེགས་བྱས་ཏེ། ཁྲོམ་རའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། བྲིན་ཚོང་བྱེད་ཚད་དང་བྲིན་ཚོང་དངུལ་འབོར་རྒྱུན་ཆད་མེད་པར་འཕར་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།