འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་8ཙམ་བཏང་ནས་བོད་ལྗོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་སློབ་གསོ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོ་ནས་འདི་ལོའི་ལོ་སྟོད་བར་ཀྲུང་དབྱང་གིས་དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞིའི་ཆེད་སྤྱོད་མ་དངུལ་ཁྱོན་སྒོར་དུང་ཕྱུར་7.93བཏང་ནས་བོད་ལྗོངས་ཀྱི་ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པས། བོད་ལྗོངས་ཀྱི་ལས་རིགས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་སློབ་མའི་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། བོད་ལྗོངས་ཀྱིས་ལག་ལེན་བསྟར་བའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་གྱི་དམིགས་ཚད་ལོན་པའི་འདུ་འགོད་ནང་སློབ་མ་རེར་ཆ་སྙོམས་མཁོ་བའི་དཔེ་དེབ་ཀྱི་དམིགས་ཚད་ཕུད། སློབ་མ་རེའི་ཆ་སྙོམས་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སོགས་ཀྱི་དམིགས་ཚད་གཙོ་བོ་གཞི་རྩའི་ཆ་ནས་ཚད་ལོན་ཡོད།
     ལས་རིགས་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ལེགས་སུ་གཏོང་ཆེད། བོད་ལྗོངས་ཀྱིས《དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར》བཟོས་ནས་སློབ་གྲྭ་འབྲིང་ཆུང་གིས་བློ་སྒོ་ཕྱེ་བ་དང་། འབྲིང་རིམ་ལས་རིགས་སློབ་གསོས་རྨང་གཞི་བྱེད་པ། མཐོ་རིམ་ལས་རིགས་ཀྱི་ཆེད་སྦྱོང་ཚན་ཁག་གིས་གཙོ་བོ་བྱེད་པ། ལས་རིགས་དངོས་གཞིའི་ཚན་ཁག་གིས་སྣེ་ཁྲིད་བྱེད་པ། བོད་ལྗོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་འཛིན་གྲྭ་དང་རྫོང་རིམ་པའི་ལས་རིགས་སློབ་གསོའི་ལྟེ་གནས་ཀྱིས་ཁ་གསབ་བྱེད་པ་བཅས་ཀྱི་གསོ་སྦྱོང་གཞི་གཅིག་ཅན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་ཅིག་ཧུར་ཐག་བཏོད་ཡོད། ལེགས་ཆ་མངོན་གསལ་དོད་པོ་དང་། སློབ་གཉེར་ཁྱད་ཆོས་ལྡན་པ། འཕྲལ་མཁོ་སྐོང་བ་བཅས་ཀྱི་ལས་ཀའི་བླང་བྱ་ལྟར། བོད་ལྗོངས་ཀྱིས་ཆེད་ལས་ཀྱི་བཀོད་པ་ལེགས་སྒྲིག་དང་ལེགས་གཏོང་དང་། ལས་རིགས་སློབ་གྲྭའི་ཕྱོགས་འཛོལ་འཕེལ་རྒྱས་ལ་ཁྲིད་སྟོན། ཡུལ་སྐོར་རིག་གནས་དང་། ནུས་རྒྱུ་གཙང་མ། ལྕགས་ལམ་སྐྱེལ་འདྲེན་དང་འགྲིམ་འགྲུལ་ཟོག་འགྲེམས། ས་མཐོའི་དེང་རབས་ཞིང་འབྲོག་ལས། ས་མཐོའི་བོད་ལུགས་གསོ་རིག ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་། ས་མཐོའི་དཔལ་འབྱོར། ས་མཐོའི་བཟོ་ལས་སོགས་ཁྱད་ལྡན་རྐང་འཛིན་ཆེད་ལས་ཚོ་འདུས་གཙོ་གནད་ཐོག་འཛུགས་སྐྲུན་བཅས་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བློས་འགེལ་ཆོག་པ་དང་སྤྱོད་གོ་ཆོད་པའི་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད། གཞན་ཡང་། བོད་ལྗོངས་ཀྱིས་ལས་རིགས་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་དང་། འབྲིང་རིམ་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭ་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱུན་འཁོར་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཡུལ་སྐོར་རིག་གནས་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། ཨར་སྐྲུན་རྒྱུ་ཆའི་ལས་རིགས། རླངས་འཁོར་ཞབས་ཞུ་དང་དོ་དམ། གློག་ཤུགས་འདུ་འགོད་སོགས་ལས་རིགས་སློབ་གསོའི་ཚོགས་པ་5བཙུགས་ཡོད། (ལྷ་དབང་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)